ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཡུ་གུར་བས་མནར་གཅོད་འོག་ཏུ་བཟོས་པའི་ཐོན་རྫས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ས་ཡ་༡་ལྷག་སློབ་གསོ་བསྐྱར་མ་སྤེལ་ས་དང་ལག་ཤེས་སློབ་གྲྭ་ཡིན་ཟེར་ས་ཁག་ཏུ་བཀག་ཉར་བྱས་ཡོད་པ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡོངས་གྲགས་སུ་གྱུར། དེ་རིང་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་ཡོད་པའི་མི་རྣམས་ལ་བསམ་བློ་སྒྱུར་བཀོད་ཀྱི་སློབ་གསོ་སྤེལ་བཞིན་ཡོད་པར་མ་ཟད། ཁོ་ཚོར་གླ་ཆ་གཏན་ནས་མི་སྤྲོད་པའམ། ཡང་ན་གླ་ཆ་ཉུང་ཉུང་རེ་སྤྲད་ནས་ལས་ཀ་སྣ་ཚོགས་ཤིག་བྱེད་དུ་འཇུག་བཞིན་ཡོད་ཅིང་། ཁོ་ཚོར་བཙན་སྐུལ་བྱས་ནས་བཟོ་རུ་བཅུག་པའི་ལུས་རྩལ་གྱོན་གོས་ཀྱི་རིགས་རྣམས་ཨ་མི་རི་ཀར་ཕྱིར་འཚོང་བྱེད་བཞིན་ཡོད་འདུག

ཞིན་ཅང་གི་བཀག་ཉར་ཁང་གི་བཟོ་གྲྭ་ཁག་ནས་བཟོ་རུ་བཅུག་པའི་ལུས་རྩལ་གྱོན་ཆས་རྣམས་ཕྱིར་འཚོང་བྱ་ཡུལ་ནི་ཨ་རིའི་བྱང་ཁེ་རོ་ལེ་ན་མངའ་སྡེའི་བྷད་ལྗིར་ལུས་རྩལ་གྱོན་ཆས་བཟོ་ཚོང་ཁང་ཡིན་པས་བཟོ་ཚོང་ཁང་དེའི་འགན་འཛིན་ཇཱོན་ཨན་ཊོན་གྱིས་སྤྱི་ཚེས་༡༦་ཉིན་གསར་འགོད་པ་ཚོར་བསྒྲགས་དོན། ད་ལྟ་གནས་ཚུལ་འདིའི་ཐད་དུ་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་ཡོད། བརྟག་དཔྱད་ཞིབ་འཇུག་བྱེད་པའི་རིང་ལ་ཐོན་རྫས་དེའི་རིགས་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན། ང་ཚོའི་བཟོ་ཚོང་ཁང་གིས་ལོ་མང་རིང་ལ་ཞིན་ཅང་གི་ཧི་ཐན་ས་གནས་སུ་བཙུགས་པའི་བཟོ་གྲྭ་ཞིག་ནས་ཚོང་རྫས་རྣམས་ནང་འདྲེན་བྱས་པ་ཡིན། བཟོ་ཚོང་ཁང་འདིས་ལོ་གཅིག་གི་སྔོན་ཙམ་ལ་རྒྱ་ནག་གི་ནུབ་རྒྱུད་དུ་བཟོ་གྲྭ་གསར་པ་ཞིག་གི་སྒོ་ཕྱེས་སོང་། བྷད་ལྗིར་བཟོ་ཚོང་ཁང་གི་ལས་སྣེ་ཚོས་བཟོ་གྲྭ་འདིར་རྒྱུས་ལོན་བྱེད་དུས་བཟོ་གྲྭའི་འབྲེལ་ཡོད་ལས་སྣེ་ཚོས་དཔང་ཡིག་བསྟན་བྱུང་ཞེས་བཤད་འདུག

ད་ལོ་ཉུང་མཐར་ཡང་ཞིང་ཅང་གི་བཀག་ཉར་ཁང་གི་བཟོ་གྲྭ་ཁག་ནས་ཐོན་པའི་སྟོད་ཐུང་དང་རྐང་སྣམ་བཅས་སྒམ་བཅུ་ཙམ་བྷད་ལྗིར་བཟོ་ཚོང་ཁང་གིས་ནང་འདྲེན་བྱས་འདུག ད་སྔ་ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་མི་ལ་བཙན་ཤེད་ཀྱིས་ངལ་རྩོལ་བཀོལ་བ་ནི་སྐྱེ་བོ་བྲན་གཡོག་ཏུ་བཀོལ་བའི་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཨ་རིའི་ཁྲིམས་ཀྱི་ངོས་ནས་སྐྱེ་བོ་གང་ཞིག་བཙན་ཤེད་ཀྱིས་ངལ་རྩོལ་བཀོལ་ནས་བཟོས་པའི་ཐོན་རྫས་ཀྱི་རིགས་ཨ་མི་རི་ཀར་ནང་འདྲེན་བྱ་རྒྱུ་བཀག་འགོག་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་རྒྱ་ནག་གིས་ཞིན་ཅང་གི་ལས་རིགས་ལག་རྩལ་ཟབ་སྦྱོང་སྤྲོད་ཡུལ་སོགས་ལ་ཁ་གཡར་ནས་བཙུགས་པའི་བཀག་ཉར་ཁང་དེ་དག་གི་ནང་དུ་མི་རྣམས་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་མེད་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པར་འདྲི་རྩད་བྱས་ཀྱང་གསར་འགྱུར་དེ་དངོས་བདེན་མ་རེད། གནས་ཚུལ་འདི་དག་ནི་བདེན་དཔང་མེད་པའི་དཀྲོག་གཏམ་རེད་ཅེས་ལན་འདེབས་བྱས་སོང་ཞེས་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་འདུག

ད་སྔ་རྒྱ་ནག་གཞུང་གིས་ཞིན་ཅང་དུ་བཙུགས་ཡོད་པའི་བཀག་ཉར་ཁང་དེ་རྣམས་ལས་རིགས་ལག་རྩལ་སོགས་ཟབ་སྦྱོང་སྤྲོད་ས་ཡིན་པར་མ་ཟད། ཡུ་གུར་བ་དང་ཧ་ས་ཁ་བ། གཞན་ཡང་དེ་མིན་གྱི་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱིས་གླ་ཡོན་སྤྲོད་མི་དགོས་པར་གཞུང་གིས་ལག་ཤེས་སློབ་སྦྱོང་དང་ཟབ་སྦྱོང་སྤྲོད་ཀྱི་ཡོད། འདི་ནི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཁག་དེང་རབས་ཀྱི་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཀྱི་ལམ་དུ་འཇུག་ཐབས་ཤིག་དང་ཞིན་ཅང་ས་ཁུལ་དབུལ་ཕོིངས་ཀྱི་དཀའ་ངལ་འོག་ནས་ཐར་ཐབས་ཀྱི་འཆར་གཞི་ཤིག་ཡིན། རྒྱ་ནག་གཞུང་གིས་ཟབ་སྦྱོང་ལ་ཞུགས་མཁན་ཚོར་གན་རྒྱ་བཞག་ཡོད་ཅེས་འགྲེལ་བཤད་བྱེད་ཀྱི་ཡོད་མོད། འོན་ཀྱང་དབྱེ་ཞིབ་པ་ཁག་ཅིག་གིས་ཞིན་ཅང་གི་ཟབ་སྦྱོང་བསྟི་གནས་སུ་གྲགས་པའི་ལག་ཤེས་སློབ་གྲྭ་རྣམས་བཀག་ཉར་ཁང་ཡིན་ཞིང་། བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བ་གཙོས་ཧ་ས་ཁ་བ་དང་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་འབའ་ཞིག་བཀག་ཉར་བྱས་འདུག འདི་ནི་མི་རིགས་དབྱེ་འབྱེད་དང་ཆོས་ལུགས་དབྱེ་འབྱེད་ཀྱི་གཞི་རྩའི་ཐོག་ཏུ་བཙུགས་པའི་བཀག་ཉར་ཁང་རེད། འདིའི་དམིགས་ཡུལ་ནི་ཡུ་གུར་བའི་སྐད་ཡིག་དང་རིག་གཞུང་གི་ཚབ་ཏུ་རྒྱའི་སྐད་ཡིག་སོགས་སློབ་རྒྱུ་དང་ཁ་ཆེའི་ཆོས་ལུགས་ལ་དད་མོས་བྱེད་མཁན་ཞིག་ནས་རྒྱ་ནག་དམར་ཕྱོགས་ཚོགས་པའི་ལྟ་གྲུབ་ལ་དད་མོས་བྱེད་མཁན་ཞིག་ཏུ་བསྒྱུར་རྒྱུའི་བསམ་བློ་སྒྱུར་བཀོད་བྱ་ས་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གསར་འགོད་པ། དཀོན་མཆོག་དོན་གྲུབ།

XS
SM
MD
LG