ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་ལ་སྒོ་འབྱེད་སྒྱུར་བཅོས་བྱས་ནས་ལོ་༤༠་འཁོར་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།༡༩༧༨་ཀྱི་ལོ་མཇུག་དེར་རྒྱ་ནག་གི་སྐབས་དེའི་ཆེས་མཐོའི་འགོ་ཁྲིད་ཏིན་ཞའོ་ཕིང་གིས་ཕྱི་ལ་སྒོ་མོ་འབྱེད་པ་དང་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ལ་སྒྱུར་བཅོས་གཏོང་རྒྱུ་འགོ་ཚུགས། ༢༠༡༨་གྱི་ལོ་མཇུག་འདི་ནི་རྒྱ་ནག་ལ་སྒྱུར་བཅོས་སྒོ་འབྱེད་བཏང་ནས་ལོ་༤༠་འཁོར་པའི་དུས་དྲན་ཡིན་པས་ཕྱི་ཟླ་༡༢་ཚེས་༡༨་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཏང་སྲིད་དམག་གི་མཐོ་རིམ་ལས་སྣེ་༣༠༠༠་ལྷག་ལ་འདས་པའི་ལོ་༤༠་ཐམ་པའི་རིང་གི་རྒྱ་ནག་གི་དཔལ་འབྱོར་སྒྱུར་བཅོས་ཀྱི་གྲུབ་འབྲས་དང་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ཕྱིན་པའི་ཚད་གཞི། སྔོན་ཆད་རྒྱ་ནག་མི་སྤྱི་ཚོགས་སུ་མི་དམངས་ཀྱི་གྱོན་གོས་ཁྲུ་ཙིར་འཇལ་བ་དང་བཟའ་བཏུང་རྒྱ་མར་ཚད་པའི་དབུལ་ཕོངས་ཀྱི་སྐལ་ངན་མཇུག་བསྒྲིལ་པ་རྣམས་གླེང་སྟེ། མ་འོངས་པར་རྒྱ་ནག་ཁ་ཕྱོགས་གང་དུ་བསྐྱོད་དགོས་པ་དང་ད་ལྟ་རྒྱ་ནག་ལ་རྒྱལ་ཁབ་ཕྱི་ནང་གཉིས་སུ་འཕྲད་བཞིན་པའི་དཀའ་ངལ་ཆེན་པོ་ཅི་ཡོད་སོགས་བརྗོད་བྱར་བཟུང་ནས་གཏམ་བཤད་རིང་པོ་ཞིག་བྱས་ཤིང་། རྒྱ་ནག་ལ་སྒོ་འབྱེད་སྒྱུར་བཅོས་བྱས་ནས་ལོ་༤༠་འཁོར་པའི་སྐབས་འདིར་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས། མངའ་ཁོངས་དང་ཕྱི་འབྲེལ་བཅས་ཀྱི་རྩོད་གཞི་སྣ་མང་ཞིག་བྱུང་ནས་ཛ་དྲག་འབྱུང་གི་ཡོད་པ་ལྟར་རྒྱལ་ནང་དུའང་རྒྱ་ནག་མི་དམངས་རྣམས་བློ་བདེ་བག་ཕེབས་མེད་པའི་གནས་སུ་ལྷུང་།།

ཏིན་ཞའོ་ཕིང་གིས་སྒོ་འབྱེད་སྒྱུར་བཅོས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་ལོ་༤༠་འཁོར་པའི་དུས་དྲན་སྐབས་སུ་རྒྱལ་སྤྱིའི་ཉམས་ཞིབ་པ་དང་མ་རྩ་འཛུགས་མཁན་ཕལ་ཆེ་བས་ཞིས་ཅིན་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ལ་སྒྱུར་བཅོས་གཏོང་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུ་དང་། དེང་སྐབས་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ཡོད་པ་མཇུག་བསྒྲིལ་ཐུབ་པའི་རེ་བ་འཆང་རུང་ཞིས་ཅིན་ཕིང་གིས་ཐེངས་འདིའི་མི་དམངས་ཚོགས་ཁང་ཆེན་མོའི་གཏམ་བཤད་ནང་དུ་རྒྱ་ནག་གི་དཔལ་འབྱོར་སྒྱུར་བཅོས་ཁ་ཕྱོགས་གསར་པ་ཞིག་ལ་སྣེ་ཁྲིད་བྱ་རྒྱུ་དང་ཁྲོམ་ར་སྒོ་འབྱེད་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུ། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཇུག་བསྒྲིལ་དུ་འཇུག་རྒྱུ་སོགས་ཀྱི་གླེང་སློང་གང་ཡང་བྱས་མེད་ཅིང་། ཞིས་ཅིན་ཕིང་གིས་ཚོགས་ཞུགས་འཐུས་མི་ཚོར་མིག་སྔར་རྒྱ་ནག་ལ་དཔལ་འབྱོར་དང་ཕྱི་འབྲེལ་གྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད། འདས་པའི་ལོ་༤༠་རིང་ལ་རྒྱ་ནག་གི་སྤྱི་ཚོགས་ཧྲིལ་བོར་གནམ་ས་བླ་འོག་བརྗེ་པ་ལྟར་གྱི་འགྱུར་ལྡོག་ཐེབས་པ་ནི་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་སྒེར་འཛིན་བྱས་པའི་སྟབས་ཀྱིས་ཡིན། ད་དུང་ཡང་རྒྱ་ནག་ལ་ངོ་མཚར་ཅན་གྱི་འགྱུར་ལྡོག་དང་དམིགས་སུ་མེད་པའི་འཕེལ་རྒྱས་འབྱུང་དགོས་ན་རྒྱ་ནག་དམར་ཤོག་ཚོགས་པའི་ལམ་སྟོན་འགོ་ཁྲིད་འོག་ཏུ་ཤར་སྐྱོད་བྱ་དགོས་ཞེས་བཤད།།

ཞིས་ཅིན་ཕིང་གིས་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་གཏམ་བཤད་བྱས་པའི་བརྗོད་བྱ་རྣམས་རྒྱ་ནག་གི་དངོས་ཡོད་གནས་སྟངས་དང་དམར་ཤོག་ཚོགས་པའི་དབང་སྒྱུར་གཉིས་མཐའ་གཅིག་ཏུ་རྒྱབ་འགལ་དུ་གྱུར་ཡོད། མའོ་ཙེ་ཏུང་གི་འཕྲོ་ནས་ཞིས་ཅིན་ཕིང་གིས་སྲིད་དབང་གཅིག་སྡུད་བྱས་པ་དེ་འདྲ་ཞིག་ཏིན་ཞའོ་ཕིང་དང་ཅང་ཙེ་མིན། ཧུ་ཅིན་ཐའོ་སོགས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་སུ་གཅིག་གིས་ཀྱང་བྱས་མྱོང་མེད། འོན་ཀྱང་དེང་སྐབས་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་སྟངས་འཛིན་དང་སྤྱི་ཚོགས་ཀྱི་ལས་རིགས་ཡོད་དོ་ཅོག་ལ་སྟངས་འཛིན། མི་དམངས་ལ་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པར་བལྟས་ན་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་མེད་པ་གསལ་བོར་མཚོན་ཐུབ། ཞིས་ཅིན་ཕིང་གིས་རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་ཆུང་དང་སྟོབས་འབྱོར་ལ་གཞིགས་ནས་ཕུགས་བསམ་ཆེན་པོ་ཞིག་འཆང་འོས། ཡིན་ནའང་ང་ཚོས་རྒྱལ་ཁབ་གཞན་གྱི་ཁེ་ཕན་བློས་བཏང་ནས་རྒྱ་ནག་གཅིག་པུ་ཡར་རྒྱས་གཏོང་རྒྱུ་ནམ་ཡང་དོན་དུ་གཉེར་མི་སྲིད། ང་ཚོས་རྒྱ་ནག་ལ་འོས་བབ་ཡོད་པའི་ཐོབ་ཐང་དང་ཁེ་ཕན་རྣམས་འདོར་མི་སྲིད་ཅེས་བཤད། ཞིས་ཅིན་ཕིང་གི་གཏམ་བཤད་ཀྱི་ཐོག་མཐའ་བར་གསུམ་དུ་ཚིག་སྟོང་སྐམ་པོའི་འུད་སྒྲོགས་མང་པོ་ཞིག་ཡོད་པ་སྟེ། དཔེར་ན་རླབས་ཆེན་གྱི་འཕེལ་རྒྱས་དང་ཕྱི་གསལ་ནང་གསལ། སྤྱི་སྒེར་གཉིས་ཀ་འཕེལ་རྒྱས་མཉམ་དུ་འགྲོ་དགོས་ཞེས་ཁས་ལེན་མང་དག་ཅིག་བྱས་ཀྱང་གཞུང་གཉེར་བཟོ་ཚོང་ལས་ཁང་ཁག་ལ་གཞུང་གི་མཐོ་རིམ་འགོ་ཁྲིད་རེའི་རྒྱབ་རྩ་ཡོད་པ་དང་སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་ལ་དཔྱ་ཁྲལ་དང་ཞིབ་འཇུག སྲིད་གཞུང་གི་ཐེ་གཏོགས་སོགས་མཚམས་འཛིན་མེད་པར་བྱེད་ཀྱི་ཡོད་པ་འགོག་འཆར་ཡོད་མེད་གསལ་བོ་བཤད་མེད་པ་རེད།།

ཨ་རིའི་མཱི་ཤཱི་གྷན་སློབ་གྲྭ་ཆེན་མོའི་སྲིད་དོན་རིག་པ་དང་རྒྱ་ནག་གི་སྒྱུར་བཅོས་ཉམས་ཞིབ་པ་སློབ་དཔོན་ཡུན་ཡུན་ཨང་གིས་ཞིས་ཅིན་ཕིང་གི་གཏམ་བཤད་ལ་བལྟས་ན་རྒྱ་ནག་གི་སྲིད་ཇུས་འཛིན་ཕྱོགས་ཀྱི་དམིགས་ཡུལ་རྣམས་རྒྱལ་ཁབ་གཞན་ལ་འགལ་ཟླ་བྱུང་ཡོད་པར་གདོང་ལེན་བྱ་དགོས་པའི་དམིགས་ཚད་ཁོ་ན་བཟུང་ཡོད་པས་རྒྱ་ནག་གི་གཞུང་འབྲེལ་མི་ཚོས་ཚམ་ཚོམ་མེད་པར་གཞུང་གི་སྲིད་ཇུས་དེ་རྣམས་ལག་ལེན་བསྟར་དགོས་པ་ཤེས་དགོས་པའི་བརྡ་ཞིག་བཏང་འདུག་ཅེས་བཤད། ཞིས་ཅིན་ཕིང་གིས་རྒྱ་ནག་དང་འཛམ་གླིང་རྒྱལ་ཁབ་གཞན་རྣམས་མ་མཐུན་པའི་འགལ་ཟླ་འབྱུང་གི་ཡོད་པ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བྱས་ཡོད་པ་དང་ཡེ་ཤུའི་ཆོས་དད་པ་ཚོར་དྲག་གནོན། བོད་པ་ཚོར་དྲག་གནོན་དང་རྒྱ་ནག་གི་ཤེས་ཡོན་ཅན་དང་དམངས་གཙོ་དོན་གཉེར་པ། གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སོགས་ལ་གནོན་སྡོམ་དྲག་པོ་བྱེད་ཀྱི་ཡོད་པ་ལས་བྱུང་བ་སྦ་གསང་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གི་དཀའ་ངལ་ཐམས་ཅད་ཀྱི་འབྱུང་རྩ་ཕྱི་རྒྱལ་ལ་ཐུག་ཡོད་པའི་རྣམ་པ་ཞིག་བསྟན་འདུག ཞིས་ཅིན་ཕིང་གི་གཏམ་བཤད་ནང་དུ་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་ཡོད་པ་དང་ཨ་རིའི་རེ་སྐུལ་ལྟར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་འཕྲུལ་ལས་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་པ་མེང་ཝེ་ཀྲུག་བཀག་ཉར་བྱས་པ་སོགས་ཀྱི་འགལ་ཟླ་ཇི་ལྟར་སེལ་འཆར་ཡོད་མེད་ཀྱི་སྲིད་ཇུས་གསལ་བོ་ཞིག་སྟོན་ཐུབ་མེད་ཅིང་། ཞིས་ཅིན་ཕིང་གིས་རྒྱ་ནག་ལ་ཕྱོགས་གང་ཐད་དུ་དཀའ་ངལ་སྣ་མང་ཞིག་འཕྲད་བཞིན་ཡོད་ཅེས་ནན་བརྗོད་བྱས་ཀྱང་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་དཀའ་ངལ་དེ་དག་ལས་གྲོལ་ཐབས་སུ་སྔ་ཕྱི་བར་གསུམ་དུ་ལམ་སྟོན་ཡང་དག་པ་ཞིག་བྱེད་ཐུབ་ཡོད་ཅེས་མཐར་ཐུག་གི་སྐྱབས་ཡུལ་རྒྱ་ནག་དམར་ཤོག་ཚོགས་པར་བཅོལ་དགོས་པའི་གོ་རྒྱུ་ཤུགས་ཆེན་བཏང་ཡོད་པ་རེད།།

ཞིས་ཅིན་ཕིང་གིས་རྒྱ་ནག་གི་མི་རབས་གསར་པ་རྣམས་མར་ཁེ་སི་ལེ་ཉིང་རིང་ལུགས་ལ་ཞེན་པ་ལོག་གི་ཡོད་པ་དང་རྒྱ་ནག་གི་མི་རབས་གསར་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་འཇིགས་སྣང་གིས་དེང་རབས་ཀྱི་རྒྱ་ནག་གི་མར་ཁེ་སི་ལེ་ཉིང་རིགས་ལུགས་སྔར་ལས་མཆོག་ཏུ་གྱུར་པ་ཞིག་ཏུ་བསྒྱུར་དགོས་ཞེས་རྒྱ་ནག་གི་མར་ཁེ་སི་རིང་ལུགས་དང་རྒྱ་ནག་གི་དུས་རབས་ཞེས་མི་རིགས་ཀྱི་ལར་ཞེན་བསླངས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་བརྟན་ཐབས་སུ་བརྩོན། ཨ་རིའི་ཧར་ཝྭར་ཌི་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་ལམ་ལྟེ་གནས་ཁང་གི་ཉམས་ཞིབ་པ་གྷེ་ཝིར་ཛེས་ཞིས་ཅིན་ཕིང་གི་གཏམ་བཤད་འདི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་གཏོང་ཐབས་ཁོ་ན་ཡིན་པ་ལས་རྒྱ་ནག་ལ་སྒོ་འབྱེད་སྒྱུར་བཅོས་བཏང་ནས་ལོ་༤༠་འཁོར་པ་སོགས་ལ་འབྲེལ་བ་ཅི་ཡང་མི་འདུག་ཅེས་བཤད། ཧོང་ཀོང་སློབ་གྲྭ་ཆེན་མོའི་ཚན་རིག་དང་འཕྲུལ་རིག་གི་སློབ་དཔོན་ཏིང་ཤུའེ་ལེང་གིས་རྒྱ་ནག་ལ་སྒོ་འབྱེད་སྒྱུར་བཅོས་བྱུང་ནས་ལོ་༢༠་དང་༢༥་འཁོར་པ། ལོ་༣༥་འཁོར་པ་བཅས་ལ་དུས་དྲན་སྲུང་བརྩི་བྱས་ཀྱང་རྒྱ་ནག་ལ་སྒོ་འབྱེད་སྒྱུར་བཅོས་བཏང་ནས་ལོ་༤༠་འཁོར་པའི་དུས་དྲན་ལས་རེ་ལྟོས་མེད་པ་ཞིག་བྱུང་མྱོང་མེད། རྒྱ་ནག་གི་གོ་གནས་མཐོན་པོ་འཛིན་པའི་འགོ་ཁྲིད་ཚོ་ལའང་རྒྱལ་ཁབ་ཀྱི་སྲིད་ཇུས་ཁ་ཕྱོགས་གང་དུ་བསྒྱུར་དགོས་པའི་རྟོག་པ་གསལ་བོ་ཞིག་མི་འདུག ངས་འདས་པའི་ལོ་ཕྱེད་ཀའི་རིང་ལ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་མང་དག་ཅིག་ལ་སྐད་ཆ་དྲིས་མྱོང་། ཁོ་ཚོ་གཅིག་ལའང་རྒྱ་ནག་གི་རིམ་པ་གཉིས་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་གང་ལ་བསྒྱུར་དགོས་པ་ངེས་གཏན་ཅི་ཡང་མི་འདུག་ཅེས་བཤད། ཞིས་ཅིན་ཕིང་གི་གཏམ་བཤད་ནང་དུ་ཏིན་ཞའོ་ཕིང་གི་སྒོ་འབྱེད་སྒྱུར་བཅོས་ཀྱི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་ཀྱང་གཏམ་བཤད་དེའི་བརྗོད་དོན་གཙོ་ནི་༢༠༡༢་ནས་ཞིས་ཅིན་ཕིང་རང་ཉིད་ཀྱིས་རྒྱ་ནག་གི་སྲིད་དབང་བཟུང་བའི་རྗེས་སུ་རྒྱལ་ཁབ་ལ་འཕེལ་རྒྱས་བྱུང་བ་དང་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱས་ནས་གྲུབ་འབྲས་ཐོན་པ། ཞིས་ཅིན་ཕིང་གི་འགོ་ཁྲིད་འོག་ཏུ་རྒྱ་ནག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་པའི་གྲུབ་འབྲས་ཁག་གསལ་སྟོན་བྱས་འདུག

XS
SM
MD
LG