ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ནན་སི་ཕེ་ལོ་སི་ཚོགས་གཙོར་གདམ་རྒྱུའི་གྲོས་མཐུན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ཨ་རིའི་བར་མའི་འོས་བསྡུའི་སྐབས་སུ་གྲོས་ཚོགས་འོག་མའི་ནང་དུ་དམངས་གཙོ་ཚོགས་པར་གནད་གྲངས་མང་བ་ཐོབ། གཙོ་ཚོགས་ཟུར་པ་ནན་སེ་པེ་ལོ་སེ་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་བསྐོ་བྱ་རྒྱུ་དང་དམངས་གཙོ་ཚོགས་པའི་ནང་ཁུལ་དུ་ནན་སི་པེ་ལོ་སི་ལ་རྒྱབ་སྐྱོར་མི་བྱེད་མཁན་འཐུས་མི་ཉུང་ཤས་ཤིག་ཡོད་པ་དེ་དག་གིས་རྒྱབ་སྐྱོར་བྱ་རྒྱུའི་གྲོས་མཐུན་བྱུང་འདུག

ཁ་སང་ཕྱི་ཟླ་༡༢་ཚེས་༡༢་ཉིན་ནན་སི་པེ་ལོ་སེ་དང་དམངས་གཙོ་ཚོགས་པའི་འཐུས་མི་རྒྱབ་སྐྱོར་མི་བྱེད་མཁན་རྣམས་གྲོས་བསྡུར་གྱིས་ཚོགས་གཙོ་གཅིག་གིས་ལས་དུས་ཐེངས་བཞི་ལས་བྱེད་མི་ཆོག་པའི་དུས་བཀག་གཏན་འབེབས་བྱུང་བར་བརྟེན། ༢༠༡༩་ལོའི་ཕྱི་ཟླ་དང་པོ་ནས་ཨ་རིའི་གྲོས་ཚོགས་གསར་པ་བསྐྱར་དུ་ཚུགས་དུས་ནན་སི་པེ་ལོ་སི་སླར་ཡང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བསྐོ་བཞག་བྱ་རྒྱུ་དེར་འོས་ཤོག་འདང་ངེས་ཤིག་འཐོབ་རྒྱུའི་ཁས་ལེན་བྱུང་བའི་གནས་ཚུལ་ཐོན་འདུག

ནན་སི་པེ་ལོ་སིས་དེའི་གོང་དུའང་ཚོགས་གཙོའི་ཐུགས་འགན་ཐེངས་གཉིས་བཞེས་ཟིན། ད་ནས་ཚོགས་གཙོའི་ཐུགས་འགན་ཐེངས་གཉིས་ལས་བཞེས་ཆོག་གི་མེད་པར་མ་ཟད། དེང་སྐབས་ལོ་ན་༧༨་ལ་སོན་པའི་ནན་སི་ལེ་ལོ་སི་ལོ་བཞིའི་རྗེས་སུ་ལོ་༨༢་ལ་སོན་རྒྱུ་ཡིན་པས་ལོ་ནན་བབ་ཀྱིས་ཀྱང་ཚོགས་གཙོའི་ཐུགས་འགན་བཞེས་ཐུབ་མིན་ངེས་གཏན་མེད་ཅིང་། འདི་ནི་གཟའ་མིག་དམར་ཉིན་ནན་སི་པེ་ལོ་སེས་ཕོ་བྲང་དཀར་པོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ས་མཚམས་སུ་ལྕགས་རི་བསྐོར་རྒྱུ་དེར་མོས་མཐུན་མེད་པའི་རྩོད་པ་དྲག་པོ་བརྒྱབ་པ་ནས་ཉི་མ་གཉིས་ཀྱི་རྗེས་སུ་བྱུང་ཡོད་པ་རེད།།

ཉེ་བའི་ལོ་ཤས་ཤིག་ནས་བཟུང་སྟེ་ཨ་རིའི་དམངས་གཙོ་ཚོགས་པའི་ནང་ཁུལ་གྱི་ཚོགས་མི་ཁག་ཅིག་གིས་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཀྱི་ས་མིག་མི་རབས་གསར་པ་ཚོར་རྩིས་སྤྲོད་བྱ་དགོས་པའི་བསམ་ཚུལ་ཤུགས་ཆེན་བྱུང་བས་གྲོས་ཚོགས་འོག་མའི་འཐུས་མི་ཚོའི་གྲས་སུ་ནན་སི་པེ་ལོ་སི་ཚོགས་གཙོའི་ལས་གནས་ནས་ཕྱིར་འཐེན་བྱ་དགོས་ཞེས་དགོས་འདུན་འདོན་མཁན་ཚོགས་མི་ཁག་ཅིག་བྱུང་ཞིང་། ཁོ་ཚོས་ནན་སི་པེ་ལོ་སེ་ནི་རྙིང་ཞན་ཅན་དང་ཆེས་གཡོན་ཐལ་ཅན་གྱི་འགོ་ཁྲིད་ཅིག་རེད་ཅེས་སྐྱོན་བརྗོད་ཤུགས་ཆེན་བྱས། དམངས་གཙོ་ཚོགས་པའི་ཚོགས་མི་ཁག་ཅིག་གིས་ནན་སི་པེ་ལོ་སི་ལྟ་བུ་ཞིག་སྲིད་དོན་ཚོགས་པ་དེའི་ཚབ་མཚོན་བྱས་ན་དམངས་གཙོ་ཚོགས་པར་གྱོང་རེག་གི་རེད་ཅེས་གླེང་སློང་བྱུང་ཞིང་། ད་དུང་ཚོགས་མི་ཁག་ཅིག་གིས་སྤྱི་ཟླ་དང་པོའི་ནང་དུ་ནན་སི་པེ་ལོ་སི་ཚོགས་གཙོར་གདམ་དགོས་ན་འོས་ཤོག་འཕེན་རྒྱུ་མིན་ཞེས་ཐ་ཚིག་བསྒྲགས་མོད། འོན་ཀྱང་ནན་སི་པེ་ལོ་སིས་ཨ་རིའི་སྲིད་འཛིན་གྱིས་ཆབ་སྲིད་བསྐྱངས་པའི་རིང་འདིར་མུ་མཐུད་དུ་ཚོགས་གཙོའི་ཐུགས་འགན་བཞེས་ནས་སྲི་ཞུ་བསྒྲུབ་རྒྱུ་དང་དུས་ཡུན་དེའི་ནང་དུ་དམངས་གཙོ་ཚོགས་པར་འགོ་ཁྲིད་གསར་པ་ཞིག་སྐྱེད་སྲིང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།།

ཁ་སང་དམངས་གཙོ་ཚོགས་པའི་ནང་ཁུལ་དུ་གྲོས་མཐུན་བྱུང་བའི་རྗེས་སུ་ནན་སི་པེ་ལོ་སིས་གསར་འགོད་པ་ཚོར་ད་ལོའི་དབྱར་དུས་ནས་ངས་ཁ་གསལ་གཏིང་གསལ་བྱས་ནས་བཤད་ཡོད། དེ་ནི་ང་མི་རབས་རྒན་པ་དང་མི་རབས་གསར་པའི་འགོ་ཁྲིད་ཚོའི་བར་གྱི་ཟམ་པ་ལྟ་བུ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་འདུག ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་འགྱུར་བར་འཐུས་མི་༢༡༨་འོས་ཤོག་འཐོབ་དགོས་པ་དང་ནན་སི་པེ་ལོ་སི་ལ་འོས་ཤོག་དེ་རྣམས་ཐོབ་རྒྱུའི་རྣམ་པ་ཐོན་འདུག

ནན་སི་པེ་ལོ་སི་ནི་སྤྱི་ལོ་༡༩༤༠་ལོར་ཨ་རིའི་མེ་རི་ལན་ཌི་མངའ་སྡེའི་བྷོལ་ཊི་མོར་གྲོང་ཁྱེར་དུ་སྐྱེས་ཤིང་། ད་བར་ལོ་༣༡་གི་རིང་ལ་ཨ་མི་རི་ཀ་མངའ་སྡེ་གཅིག་སྒྲིལ་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ནང་དུ་ཁེ་ལེ་ཧྥོར་ཎི་ཡ་མངའ་སྡེའི་སཱན་ཧྥ་རཱན་སི་སི་ཀོ་གྲོང་ཁྱེར་གྱི་རྫོང་ཁག་ཨང་༡༢་པའི་འཐུས་མིར་ལངས་ནས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མིའི་ཚོགས་གཙོ་ལོ་༡༦་ལྷག་བྱས་མྱོང་ཡོད་པ་རེད།།

གསར་འགོད་པ་ཡེ་ཤེས་རྡོ་རྗེ།།

XS
SM
MD
LG