ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཡུ་རོབ་རྒྱལ་ཁབ་ཁག་གིས་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱ་ངེས།


༄༅།།ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་མི་དགའ་བ་དང་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་ཁག་ལ་མོས་མཐུན་མེད་སྲིད། ལྷག་པར་དུ་ཌོ་ནལ་ཊམ་གྱི་གྲོས་མོལ་ཐབས་ཇུས་ལ་དགའ་མོས་མེད་སྲིད། ཡིན་ནའང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་གྱི་ཡོད་པར་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་རྒྱབ་སྐྱོར་བྱ་ངེས་ཡིན་པ་སྟེ། རྒྱ་ནག་གིས་རང་གི་དངོས་ཟོག་ཕྱི་ལ་མང་བ་བཙོངས་པ་དང་ཕྱི་རྒྱལ་གྱི་དངོས་ཟོག་ནང་འདྲེན་མང་པོ་ཞིག་མ་བྱས་པར་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པའི་དཀའ་ངལ་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་ལའང་གཅིག་མཚུངས་ཤིག་འཕྲད་བཞིན་ཡོད་ཅིང་། དེར་བརྟེན་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་སྡང་ཟུག་དང་རྒྱ་ནག་ལ་རྒྱབ་སྐྱོར། ཨ་མི་རི་ཀས་རྒྱ་ནག་ལ་འཛིན་པའི་ཚོང་དོན་སྲིད་ཇུས་དེར་རྒྱབ་སྐྱོར་མི་བྱེད་པ་ནམ་ཡང་འབྱུང་མི་སྲིད་ཅེས་ཨ་རིའི་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་གསར་འགྱུར་བཀོད་འདུག

ཉེ་ཆར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཆིན་ཊི་ནར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀས་དུས་ཡུན་ཟླ་བ་གསུམ་གྱི་རིང་ལ་སྒོ་ཁྲལ་སྤར་རེས་མི་བྱེད་པར་ཉི་མ་༩༠་ཐམ་པའི་རིང་དེར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གི་དཀའ་ངལ་སེལ་ཐབས་སུ་གྲོས་མོལ་བྱ་དགོས་ཞེས་གྲོས་མཐུན་བྱུང་ཞིང་། ད་ལྟ་ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་གཉིས་གྲོས་མཐུན་བྱུང་ནས་ཉི་མ་༩་ལས་ཕྱིན་མེད་ཀྱང་རྒྱ་ནག་དང་ཨ་མི་རི་ཀས་ཕྱོགས་གཉིས་ཀྱི་ཚོང་དམག་རྒྱུན་འཁྱོངས་མི་བྱེད་པ་དང་སྒོ་ཁྲལ་སྤར་རེས་མི་བྱེད་པར་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་པའི་གྲོས་མོལ་བྱ་རྒྱུ་འགོ་ཚུགས་འདུག རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་འབྲོག་གི་ཐོན་སྐྱེད་ནང་འདྲེན་བྱ་རྒྱུའི་གྲོས་མཐུན་ཞིག་འཇོག་རྒྱུ་དཀའ་ངལ་ཆེན་པོ་ཞིག་ཡིན་རུང་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ལ་གཞི་རྩའི་ཆ་ནས་འགྱུར་བ་གཏོང་དགོས་པ་དང་རྒྱ་ནག་གཞུང་གིས་ལག་ལེན་བསྟར་བཞིན་པའི་ཚོང་ལས་སྲིད་ཇུས་ཁག་ལ་འགྱུར་བ་གཏོང་རྒྱུ་ལས་སླ་བོ་ཞིག་མིན་ཞེས་གླེང་། ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དམག་རྒྱུན་འཁྱོངས་བྱས་ན་ཡུ་རོབ་མཉམ་འབྲེལ་ལ་གནས་སྐབས་ཀྱི་ཚོང་ལས་ཁེ་ཕན་ཐོབ་སྲིད། དཔེར་ན་རྒྱ་ནག་གིས་ཨ་མི་རི་ཀ་ནས་བྷོ་དབྱིང་འགྲུལ་སྐྱེལ་གནམ་གྲུ་མ་ཉོས་པར་ཡུ་རོབ་མཉམ་འབྲེལ་གྱི་ཨེར་བྷ་སི་འགྲུལ་སྐྱེལ་གནམ་གྲུ་ཉོ་ཆོག་ཀྱང་ཡུ་རོབ་མཉམ་འབྲེལ་གྱིས་ཨ་མི་རི་ཀར་ཕོག་ཐུག་མ་བཏང་བར་རྒྱ་ནག་ལ་འགྲུལ་སྐྱེལ་གནམ་གྲུ་ཕྱིར་ཚོང་བྱ་དཀའ། ཡུ་རོབ་མཉམ་འབྲེལ་གྱིས་ཨ་མི་རི་ཀར་ཕོག་ཐུག་བཏང་ནས་སྒྲིག་འཛུགས་དེའི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་དངོས་ཟོག་རྣམས་ཨ་མི་རི་ཀར་ཕྱིར་ཚོང་བྱ་རྒྱུ་འགག་ཉེན་ཆེ།།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོར་ཨ་མི་རི་ཀའི་སྲང་ལམ་ཁག་ཏུ་འཇར་མན་ཎིའི་རླངས་འཁོར་མང་དྲགས་འདུག་ཅེས་སྐྱོན་བརྗོད་བྱས་ཀྱང་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱི་ཚོང་ལས་ཆ་མཉམ་འབྱུང་ཐབས་སུ་གྲོས་མོལ་གྲུབ་འབྲས་ལྡན་པ་ཞིག་བྱུང་མེད། ད་ལྟ་ཨ་རིའི་ཚོང་དོན་དྲུང་ཆེས་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་ཐོན་གྱི་མི་འདུག་ཅེས་བཟོད་བསྲན་དཀའ་བའི་གནས་སུ་ལྷུང་གི་འདུག་ཅེས་ཨ་རི་དང་ཡུ་རོབ་མཉམ་འབྲེལ་གྱི་ཚོང་དོན་གྲོས་མོལ་འགག་སྲིད་པའི་བརྡ་ཞིག་བཏང་འདུག རྒྱ་ནག་ལ་མི་འབོར་མང་བ་དང་ཁྲོམ་ར་རྒྱ་ཆེན་ཡིན་པའི་སྟབས་ཀྱིས་འཇར་མན་ཎི་གཙོ་བོར་གྱུར་པའི་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཚོང་འབྲེལ་བཙུགས་ནས་ཁེ་ཕན་ཆེན་པོ་ཐོབ་ཀྱང་ཡུ་རོབ་མཉམ་འབྲེལ་དང་ཨ་མི་རི་ཀའི་ཚོང་ལས་གཉིས་ལ་བསྡུར་ཐབས་དབེན། དཔེར་ན་སྔ་ལོ་གཅིག་པུར་ཨ་མི་རི་ཀས་ཡུ་རོབ་མཉམ་འབྲེལ་ནས་ཡུ་སྒོར་ཁྲག་ཁྲིག་༥་དང་ཐེར་འབུམ་ཆེན་མོ་༩་ལྷག་གི་དངོས་ཟོག་ནང་འདྲེན་བྱས་ཡོད་པ་དང་། རྒྱ་ནག་གིས་ཡུ་རོབ་མཉམ་འབྲེལ་ནས་ཡུ་སྒོར་ཁྲག་ཁྲིག་༢་དང་ཐེར་འབུམ་ཆེན་མོ་༤་མ་ཟིན་ཙམ་གྱི་དངོས་ཟོག་ལས་ནང་འདྲེན་བྱས་མེད་པར་མ་ཟད། ཕོ་བྲང་དཀར་པོས་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་གི་འཕྲུལ་རིག་ལག་རྩལ་རྐུ་འཁྱེར་དང་བཙན་འཕྲོག་བྱེད་ཀྱིན་འདུག ཨ་མི་རི་ཀའི་དངོས་ཟོག་རྣམས་རྒྱ་ནག་གི་ཁྲོམ་རའི་ནང་དུ་རྫུན་བཟོ་བྱས་ནས་རིག་དངོས་བདག་དབང་ལ་བརྩི་མེད་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་དཀའ་ངལ་མཐའ་དག་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ལའང་འཕྲད་བཞིན་ཡོད་ཅིང་། ཐ་ན་ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་གིས་ལག་ལེན་བསྟར་བཞིན་པའི་ཚོང་དོན་སྲིད་ཇུས་ཁག་ཅིག་ཁྲིམས་འགལ་རེད་ཅེས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་གཏུགས་ནས་ཁ་མཆུ་འཛུགས་དགོས་ཐུག་འདུག

ཡུ་རོབ་མཉམ་འབྲེལ་དང་ཨ་མི་རི་ཀས་རྒྱ་ནག་ལ་འཛིན་པའི་ཚོང་དོན་སྲིད་ཇུས་དེར་མ་འདྲ་བའི་ཁྱད་པར་ཞིག་ཡོད་པ་ནི་ཡུ་རོབ་མཉམ་འབྲེལ་གྱིས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་དང་། དེ་མིན་གྱི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་བརྒྱུད་ནས་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཐད་ཀར་ཁ་གཏད་གཅོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། རྒྱ་ནག་གིས་ཚོང་ལས་སྲིད་ཇུས་དྲང་སྙོམས་མེད་པ་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གཉིས་ལྟ་ཚུལ་གཅིག་མཚུངས་ཡིན་པ་སྟེ། ཡུ་རོབ་མཉམ་འབྲེལ་གྱི་ཉམས་ཞིབ་པ་ཚོས་རྒྱ་ནག་ལ་འཛིན་པའི་ཚོང་ལས་སྲིད་ཇུས་ཐོག་ཏུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་རྒྱབ་སྐྱོར་བྱ་རྒྱུ་དང་ཌོ་ནལ་ཊམ་གྱིས་དེ་ལ་རེ་ལྟོས་བྱེད་ཆོག་ཅེས་བཤད་དོ།།

XS
SM
MD
LG