ངོ་འཕྲད་བདེ་བའི་དྲ་འབྲེལ།

དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གྱི་གྲོས་མཐུན་ནུས་མེད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།ཐོག་མའི་འཆར་གཞི་ལྟར་ན་ཕྱི་ཟླ་༡༢་ཚེས་༡༡་ཉིན་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ཀྱི་གྲོས་མཐུན་ཞིག་ཕྱོགས་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་ཟིན་བྲིས་དེར་དབྱིན་ཇིའི་གྲོས་ཚོགས་སུ་བགྲོ་གླེང་བྱ་རྒྱུ་དགོས་པ་དང་། དབྱིན་ཇིའི་གྲོས་ཚོགས་ལ་གྲོས་མཐུན་དེར་རྒྱབ་སྐྱོར་ཡོད་མེད་འོས་ཤོག་འཕེན་དུ་འཇུག་དགོས་པའི་དུས་ཚོད་ཡིན། འོན་ཀྱང་ད་ནངས་སྔ་དྲོར་སྲིད་བློན་ཊེ་རི་ས་མཱེས་གྲོས་མཐུན་དེའི་ཟིན་བྲིས་ལ་དབྱིན་ཇིའི་གྲོས་ཚོགས་སུ་བགྲོ་གླེང་བྱེད་དུ་འཇུག་རྒྱུ་ཕར་འགྱངས་བྱས་ཡོད་པས་ལོ་རྗེས་མའི་ཕྱི་ཟླ་༣་ཚེས་༢༩་ཉིན་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་གྲོས་མཐུན་བྱུང་སྟེ་ཕྱིར་འཐེན་བྱེད་པའམ། ཡང་ན་ཕྱོགས་གཉིས་གྲོས་མཐུན་མ་བྱུང་བར་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་མིན་ངེས་གཏན་མེད་པར་གྱུར། དབྱིན་ཇིའི་གྲོས་ཚོགས་སུ་གྲོས་བསྡུར་མ་བྱས་པའི་སྔ་ཉིན་དེར་ཡུ་རོབ་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་འཕྲུ་ལོག་གཏོང་ཚེ། དབྱིན་གཞུང་གིས་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་གཅིག་ལའང་གྲོས་བསྡུར་བྱེད་མི་དགོས་པར་དབྱིན་ཇི་གཅིག་པུས་ཐག་གཅོད་བྱེད་ཆོག་ཅེས་གསལ་བསྒྲགས་སྤེལ།།

དབྱིན་ཇིའི་གྲོས་ཚོགས་སུ་སྲིད་བློན་ཊེ་རི་ས་མཱེ་དང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་མིང་རྟགས་བཀོད་པའི་གྲོས་མཐུན་གྱི་ཟིན་བྲིས་དེར་ངོ་རྒོལ་དང་སྐྱོན་བརྗོད། སྲིད་བློན་ཊེ་རི་ས་མཱེས་དབྱིན་ཇིའི་ཁེ་ཕན་མང་ཆེ་བ་བློས་བཏང་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པས་གྲོས་མཐུན་གྱི་ཟིན་བྲིས་དེར་དབྱིན་ཇིའི་གྲོས་ཚོགས་སུ་བགྲོ་གླེང་བྱེད་དུ་བཅུག་ཀྱང་གྲོས་མཐུན་དེར་རྒྱབ་སྐྱོར་འཐོབ་རྒྱུའི་ངེས་གཏན་བྲལ། དེར་བརྟེན་སྲིད་བློན་ཊེ་རི་སི་མཱེས་དབྱིན་ཇིའི་གྲོས་ཚོགས་སུ་གྲོས་མཐུན་གྱི་ཟིན་བྲིས་དེར་བགྲོ་གླེང་བྱས་ནས་འོས་ཤོག་འཕེན་དུ་འཇུག་རྒྱུ་ཕར་འགྱངས་བཏང་སྟེ། ད་ལྟ་སྲིད་བློན་ཊེ་རི་ས་མཱེའི་སྲིད་དབང་བརྟན་རྒྱུ་ཡིན་མིན་ཡང་ཐེ་ཚོམ་གྱི་གནས་སུ་ལྷུང་། དབྱིན་ཇིའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཚོས་སྲིད་བློན་ཊེ་རི་ས་མཱེས་རྒྱལ་ཁབ་འཛིན་སྐྱོང་ནུས་པ་ཐོན་པ་ཞིག་བྱེད་པའམ། ཡང་ན་སྲིད་བློན་གྱི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་སྐད་འབོད་བྱ་རྒྱུ་འགོ་ཚུགས། དབྱིན་ཡུལ་གྱི་སྲིད་དོན་ཉམས་ཞིབ་པ་ཚོས་སྲིད་བློན་ཊེ་རི་ས་མཱེས་རང་གི་ལས་གནས་ནས་གནང་བ་ཞུ་མི་སྲིད། གཞུང་འཛིན་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཀྱང་སྲིད་བློན་ཊེ་རི་ས་མཱེའི་འགོ་ཁྲིད་ལ་ཡིད་ཆེས་མེད་ཅེས་འོས་ཤོག་འཕངས་ནས་གནས་དབྱུང་གཏོང་མི་སྲིད། དབྱིན་ཇིའི་གྲོས་ཚོགས་འཐུས་མི་མང་ཆེ་བར་དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གཉིས་གྲོས་མཐུན་མ་བྱུང་བའི་གནས་བབ་རྒྱུན་འཁྱོངས་བྱ་འདོད་འདུག གལ་སྲིད་ཐབས་ལམ་གསར་པ་ཞིག་འཕྲལ་དུ་མ་རྙེད་ན་དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གཉིས་གྲོས་མཐུན་མ་བྱུང་བར་འབྲེལ་བ་གཅོད་དགོས་ཐུག་སྲིད། ༢༠༡༦་གི་ཕྱི་ཟླ་༦་པར་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་མང་མོས་འོས་འདེམས་བྱས་པ་ནས་བཟུང་། ད་ལྟའི་ངེས་གཏན་མེད་པའི་གནས་སྟངས་འདི་སྔ་གཞུག་མ་གཏོགས་འབྱུང་རྒྱུ་ཡིན་པ་སྔོན་ནས་མགོ་བརྩམས་ཟིན་རེད་ཅེས་བཤད།།

སི་ཀོ་ཊི་ལན་ཌིའི་གཙོ་བློན་གྱིས་ཕྱོགས་འགལ་ལས་རྩོལ་ཚོགས་པས་སྲིད་བློན་ཊེ་རི་ས་མཱེའི་འགོ་ཁྲིད་ལ་ཡིད་ཆེས་མེད་པའི་འོས་འདེམས་འཕེན་དགོས་ཟེར་ཚེ། སི་ཀོ་ཊི་ལན་ཌིའི་གྲོས་ཚོགས་འཐུས་མི་ཚོས་ཕྱོགས་འགལ་ལས་རྩོལ་ཚོགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ད་ལྟའི་ངེས་གཏན་མེད་པའི་གནས་བབ་འདི་ཉིད་རྒྱུན་བསྲིངས་ནས་འཇོག་ཐབས་མེད། ང་ཚོར་སྲིད་བློན་གསར་པ་ཞིག་དགོས་ཀྱིན་འདུག་ཅེས་སྲིད་བློན་ཊེ་རི་ས་མཱེ་གནས་དབྱུང་གཏོང་དགོས་པའི་གླེང་སློང་བྱེད་ཀྱི་ཡོད་ཅིང་། དབྱིན་ཇིའི་སྲིད་བློན་ལ་ཐབས་ལམ་འབའ་ཞིག་ཡོད་པ་ནི་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོར་ས་མཚམས་དང་ཁྲོམ་ར། དཔལ་འབྱོར་དང་ཚོང་ལས། དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་སྤྱི་དམངས་རྣམས་ཕན་ཚུན་འགྲིམ་འགྲུལ་དང་གནས་སྡོད་བྱེད་ཕྱོགས་བཅས་ལ་བསྐྱར་དུ་གྲོས་བསྡུར་གྱིས་དབྱིན་ཇིའི་གྲོས་ཚོགས་སུ་རྒྱབ་སྐྱོར་འཐོབ་ཐུབ་པའི་གྲོས་མཐུན་གསར་པ་ཞིག་འཇོག་ཐབས་བྱ་དགོས། ལྷག་པར་དུ་དབྱིན་ཇིའི་མངའ་ཁོངས་བྱང་ཕྱོགས་ཨར་ལན་ཌིའི་ས་ཐོག་ཏུ་ཡུ་རོབ་མཉམ་འབྲེལ་ལ་ས་མཚམས་ཀྱི་འགག་སྒོ་ཞིག་རྒྱག་ཏུ་མི་འཇུག་པའི་གྲོས་མཐུན་གསར་པ་ཞིག་འཇོག་དགོས་ཟེར་གྱིན་ཡོད་ཀྱང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོ་གྲོས་མཐུན་གསར་པ་ཞིག་འཇོག་རྒྱུ་དེར་མོས་མཐུན་མེད་ཟེར་གྱི་ཡོད་པ་སྟེ། ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཌོ་ནལ་ཊ་སི་ཀེས་ང་ཚོས་གྲོས་མཐུན་བཞག་ཟིན་པ་དེར་བསྐྱར་དུ་གྲོས་བསྡུར་བྱ་ཐབས་མེད། ཡིན་ནའང་དབྱིན་ཇིའི་གྲོས་ཚོགས་ཀྱིས་གྲོས་མཐུན་དེར་ཆོག་མཆན་འགོད་པར་མཐུན་འགྱུར་བྱ་ཆོག་ཅེས་གསལ་བསྒྲགས་སྤེལ། དབྱིན་ཇིའི་སྤྱི་དམངས་གྲས་སུ་ཡུ་རོབ་མཉམ་འབྲེལ་ལ་གྲོས་མཐུན་མ་བྱུང་ཡང་དབྱིན་ཇི་སྒྲིག་འཛུགས་དེའི་ཁོངས་ནས་ཕྱིར་འཐེན་བྱ་དགོས་ཟེར་མཁན་ཡོད་པ་ཇི་བཞིན་དབྱིན་ཇིའི་སྤྱི་དམངས་གྲས་སུ་དབྱིན་ཡུལ་སྔར་བཞིན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་མཉམ་གནས་བྱ་དགོས། དབྱིན་ཡུལ་ལ་གནད་དོན་འདིའི་ཐོག་ཏུ་སླར་ཡང་མང་མོས་འོས་འདེམས་བྱ་དགོས་ཞེས་ཕྱོགས་ཁག་གཉིས་ཀས་རང་རང་གི་ལྟ་བ་དང་ལངས་ཕྱོགས་འཛིན་རྒྱུ་ཇེ་མཁྲེགས་སུ་འགྲོ་བཞིན་འདུག་གོ།

XS
SM
MD
LG