ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྐྱིད་གྲོང་ནས་བལ་ཡུལ་ལ་མེ་འཁོར་ལྕགས་ལམ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།སང་ཉིན་གཟའ་ཟླ་བ་ནས་རྒྱ་ནག་དང་བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོས་བོད་ཀྱི་སྐྱིད་གྲོང་ས་ཁུལ་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མ་དྷུ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་ཕྱོགས་ཀྱི་ཞིབ་ཆ་ཁག་ལ་གྲོས་མོལ་བྱེད་ཀྱི་ཡོད་ཅིང་། ད་ཐེངས་ཀྱི་གྲོས་མོལ་འདིར་རྒྱ་ནག་དང་བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་བཅུ་གྲངས་རེ་མཉམ་ཞུགས་བྱེད་ཀྱི་ཡོད་པ་སྟེ། བལ་ཡུལ་ཕྱོགས་ནས་འཛུགས་སྐྲུན་དང་སྐྱེལ་འདྲེན་ལྷན་ཁང་གི་བློན་ཆེན་མ་དྷུ་སུ་ཏན་ཨ་དྷི་ཀ་རིས་གྲོས་མོལ་དེར་སྣེ་ཁྲིད་བྱ་རྒྱུ། རྒྱ་ནག་ཕྱོགས་ནས་མེ་འཁོར་ལྕགས་ལམ་ལྷན་ཁང་གི་འབྲེལ་ཡོད་ལས་སྣེ་༡༥་གྲོས་མོལ་དེར་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།

ད་ཐེངས་ཀྱི་གྲོས་མོལ་སྐབས་སུ་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་མེ་འཁོར་ལྕགས་ལམ་དེའི་འགྲོ་གྲོན་དང་འཛུགས་སྐྲུན་གྱི་ཞིབ་ཆ་ཁག་ལ་གྲོས་མོལ་བྱ་རྒྱུ། རྒྱ་ནག་དང་བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོས་གྲོས་མོལ་བྱས་པའི་རྗེས་སུ་རྒྱ་ནག་གི་ས་ཞིབ་པ་ཚོས་བལ་ཡུལ་གྱི་པོཀ་ར་དང་ལུམྦི་ནི་གཉིས་ཀྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་ཡུལ་ཁག་ཏུ་ས་ཞིབ་བྱ་རྒྱུ། རྒྱ་ནག་གིས་བོད་ཀྱི་སྐྱིད་གྲོང་རྫོང་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྷུ་བར་དུ་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་མེ་འཁོར་ལྕགས་ལམ་བལ་ཡུལ་གྱི་པོག་ར་དང་ལུམྦི་ནི་གཉིས་ལའང་མཐུད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་གནས་མཆོག་ལུམྦི་ནི་རྒྱལ་སྤྱིའི་གནས་སྐོར་བྱ་ཡུལ་གཙོ་བོ་ཞིག་དང་ཡུལ་སྐོར་སྤྲོ་འཆམ་པའི་གནས་ཡུལ་གྲགས་ཅན་ཞིག་ཏུ་བསྒྱུར་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་ཅིང་། ཐོག་མར་ལོ་འདིའི་ཕྱི་ཟླ་༨་ཚེས་༡༩་ནས་༢༢་བར་དུ་རྒྱ་ནག་གི་ཞི་ཨན་གྲོང་ཁྱེར་དུ་ཕྱོགས་གཉིས་ཀྱི་འབྲེལ་ཡོད་ལས་སྣེ་ཚོ་ལྷན་འཛོམས་བྱུང་སྟེ་རྒྱ་ནག་གིས་བོད་ཀྱི་སྐྱིད་གྲོང་རྫོང་ནས་བལ་ཡུལ་གྱི་རྒྱལ་ས་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་དེར་སྔོན་འགྲོ་གྲོས་མོལ་བྱུང་ཡོད། ལོ་འདིའི་ཕྱི་ཟླ་༥་པའི་ཟླ་མཇུག་ཏུ་རྒྱ་ནག་གི་ས་ཞིབ་པ་ཚོས་རྒྱང་ཁད་སྤྱི་ལེ་༧༢་ལྷག་ཡོད་པའི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་ཡུལ་གྱི་ལམ་ཐག་ལ་ཞིབ་འཇུག་བྱས་ཟིན། ཕྱི་ཟླ་༨་ཚེས་༢༠་ཉིན་རྒྱ་ནག་གི་ས་ཞིབ་པ་ཚོས་སྙན་ཐོ་དེ་བལ་ཡུལ་གཞུང་ལ་དངོས་སུ་ཕུལ་མོད། འོན་ཀྱང་ད་ལྟ་བར་དུ་རྒྱ་ནག་གི་ས་ཞིབ་པ་ཚོས་ཕུལ་བའི་སྙན་ཐོ་དེར་གྲོས་མོལ་ཞིབ་ཕྲ་ཞིག་བྱུང་མེད་པ་རེད།

ཉམས་ཞིབ་པ་ཁག་ཅིག་གིས་བལ་ཡུལ་ལ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་ནར་འགྱངས་སོང་དོན་ནི་རྒྱ་གར་གྱི་གནོན་ཤུགས་ལ་ཐུག་ཡོད་པ་ཡིན་སྲིད་ཅེས་བཤད་ཀྱང་རྒྱ་གར་དུ་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པ་ཎི་ལམ་བྷར་ཨཅྱ་རི་ཡས་བལ་ཡུལ་གྱི་གྲོས་ཚོགས་སུ་ངས་རྒྱ་གར་གཞུང་ལ་ང་ཚོས་རྒྱལ་ཁབ་གཞན་ལ་འབྲེལ་བ་འཛིན་གྱི་ཡོད་པ་རྒྱ་གར་དང་བལ་ཡུལ་གཉིས་ལ་འབྲེལ་བ་བཟང་པོ་ཞིག་ཡོད་པ་གཅོད་ཀྱི་ཡོད་པའི་ངེས་པ་མེད། ང་ཚོས་རྒྱལ་ཁབ་གཞན་པ་གང་འདྲ་ཞིག་ལ་འབྲེལ་བ་བཙུགས་ཀྱང་འབྲེལ་བ་དེ་རྒྱ་གར་དགྲ་འཛིན་གྱི་འབྲེལ་བ་ཞིག་མིན་པའི་ངེས་ཤེས་རྙེད་དུ་འཇུག་དགོས། ང་ཚོས་རྒྱ་ནག་ལ་འབྲེལ་བ་འཛིན་གྱི་ཡོད་པ་རྒྱ་གར་ལ་འབྲེལ་བ་གཅོད་པའི་ཆེད་དུ་མིན། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་སྒོ་ཕྱེ་ཡོད་ཀྱང་ཕན་ཚུན་བློ་སེམས་སྟོན་གྱི་ཡོད་མེད་ཐེ་ཚོམ་ཡིན། ང་ཚོ་ཕན་ཚུན་འབྲེལ་ཐག་ཉེ་རུང་བློ་འགེལ་བྱེད་ཆོག་པ་ཞིག་འབྱུང་གི་ཡོད་མེད་ལ་བསམ་བློ་གཏོང་དགོས། བལ་ཡུལ་གྱི་འཛུགས་སྐྲུན་དང་ཡར་རྒྱས། དཔལ་འབྱོར་དར་འཕེལ་བཅས་ཀྱི་ཆེད་དུ་རྒྱ་གར་ལ་འབྲེལ་བ་བཟང་པོ་ཞིག་འཛིན་དགོས། ང་ཚོས་ངེས་པར་དུ་ཕན་ཚུན་དོགས་ཟོན་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་བཤད་འདུག

འདི་ཙམ་ན་༢༠༡༨་འདི་མཇུག་མ་བསྒྲིལ་གོང་དུ་རྒྱ་གར་གྱིས་བལ་ཡུལ་ལ་མེ་འཁོར་ལྕགས་ལམ་གྱི་འགྲིམ་འགྲུལ་ཐེངས་དང་པོ་འགོ་ཚུགས་ཐུབ་པའི་རེ་བ་ཡོད་པ་སྟེ། རྒྱ་གར་དང་བལ་ཡུལ་གྱི་མེ་འཁོར་ལྕགས་ལམ་དེ་རྒྱ་གར་གྱི་བྷི་ཧར་མངའ་སྡེའི་འཇའ་ཡ་ན་གྷར་ནས་བལ་ཡུལ་གྱི་དྷ་ནུ་ས་རྫོང་གི་ཀུར་ཐ་ས་གནས་སུ་སྒོ་འབྱེད་བྱ་རྒྱུ། རྒྱ་གར་གྱི་བྷི་ཧར་དང་བལ་ཡུལ་གྱི་འཇའ་ནཀ་པུར་ས་ཁུལ་བར་གྱི་མེ་འཁོར་ལྕགས་ལམ་དེར་རྒྱང་ཁད་སྤྱི་ལེ་༣༤་ལས་མེད། རྒྱ་གར་གྱི་འཇའ་ཡ་ན་གྷར་མེ་འཁོར་འབབ་ཚུགས་སུ་འགག་སྒོ་འཛུགས་འཆར་ཡོད་ཀྱང་ཕྱོགས་གཉིས་ཀྱི་མི་དམངས་རྣམས་ཕར་ཚུར་འགྲིམ་འགྲུལ་བྱེད་པར་ཐོངས་མཆན་ཞུ་མི་དགོས་པ་དང་། བལ་ཡུལ་དང་རྒྱ་གར་གྱི་མེ་འཁོར་ལྕགས་ལམ་སྒོ་འབྱེད་ཐོག་མའི་དུས་སུ་གཙོ་བོ་འགྲུལ་པ་སྐྱེལ་འདྲེན་བྱ་རྒྱུ་ཡིན་རུང་རིམ་བཞིན་རྒྱ་གར་དང་བལ་ཡུལ་གྱི་བར་དུ་དངོས་ཟོག་ཀྱང་སྐྱེལ་འདྲེན་བྱ་རྒྱུ་ཡིན་ཞིང་། རྒྱ་ནག་གཞུང་གིས་བོད་ཀྱི་སྐྱིད་གྲོང་ས་ཁུལ་ནས་བལ་ཡུལ་གྱི་རྒྱལ་ས་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་མོས་མཐུན་བྱས་ནས་བཟུང་། རྒྱ་གར་གྱིས་ས་གནས་ཁག་གསུམ་ནས་བལ་ཡུལ་ལ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་གྲོས་མཐུན་བྱུང་། དེང་སྐབས་བལ་ཡུལ་ནི་རྒྱ་དཀར་ནག་གཉིས་ཀྱི་ཤུགས་རྐྱེན་ཁྱབ་ཡུལ་དང་རང་རང་གི་དཀྱིལ་འཁོར་དུ་བསྡུ་ཐབས་བྱ་ཡུལ་གྱི་དམག་ས་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད།།

XS
SM
MD
LG