ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡའི་འཕུར་མདེལ་གྱི་རྟེན་གཞི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀའི་འཁོར་སྐར་གྱིས་བྱང་ཀོ་རི་ཡའི་ས་ཐོག་ཏུ་མྱུལ་ཞིབ་བྱས་ནས་མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་གསར་པ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་རྣམས་སྦས་འཇོག་བྱ་ཡུལ་མང་དུ་གཏོང་གི་ཡོད་པ་རྩད་གཅོད་བྱུང་ཞིང་། བྱང་ཀོ་རི་ཡར་ཞིབ་འཇུག་བྱེད་མཁན་ཨ་མི་རི་ཀའི་མཁས་པ་གཉིས་ཀྱིས་མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་དེ་རྣམས་གླིང་བརྒལ་འབེན་ཕོག་འཕུར་མདེལ་རྣམས་འཛུགས་ས་ཡིན་སྲིད། བྱང་ཀོ་རི་ཡ་ནས་ཨ་མི་རི་ཀར་སྙོབ་ཐུབ་པ་དང་དམིགས་འབེན་ལ་ཕོག་ཐུབ་པའི་མེ་ཤུགས་འཕུར་མདེལ་རྣམས་རྒྱ་ནག་གི་ས་མཚམས་དང་བྱང་ཀོ་རི་ཡའི་ལུང་ཁུག་དེར་སྦས་འཇོག་བྱས་ཡོད་པའི་རྟགས་མཚན་འདུག་ཅེས་གནས་ཚུལ་སྤེལ།།

ད་ལོའི་ཕྱི་ཟླ་༦་ཚེས་༡༢་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་ལ་ཐུག་འཕྲད་གྲོས་མོལ་བྱས་ནས་བཟུང་། བྱང་ཀོ་རི་ཡའི་གཞུང་གིས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་ཡུལ་ཁག་ཅིག་ལ་འབར་མདེལ་བརྒྱབ་ནས་གཏོར་བཤིག་བཏང་རུང་ལྐོག་ཏུ་རྒྱ་ནག་གི་ས་མཚམས་སུ་དབྱང་ཅའོ་ཏུང་ཟེར་པའི་མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་གསར་པ་ཞིག་འཛུགས་སྐྲུན་བྱས་ནས་རྒྱ་བསྐྱེད། ཨ་མི་རི་ཀའི་མཱི་ཌེལ་བྷ་རི་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཇཱེ་ཧྥི་རི་ལུ་ཝི་སི་དང་ཌེ་ཝྭི་ཌི་ཤི་མར་ལེར་གཉིས་ཀྱིས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་རྒྱ་སྐྱེད་གཏོང་གི་ཡོད་པ་དེ་ལ་བལྟས་ན་ཀིམ་ཇུང་ཨུན་གྱིས་རང་གི་ཁས་ལེན་དམ་བཅའ་རྣམས་བརྩི་མེད་བཏང་ཡོད་པར་སྣང་། བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་རྒྱུ་གཏན་ནས་མཚམས་བཞག་མེད་པའང་ར་སྤྲོད་ཐུབ། སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་གྱི་ཉེན་ཀ་མེད་པར་གཏོང་དགོས་པའི་གྲོས་མོལ་ལ་གྲུབ་འབྲས་ཐོན་གྱི་ཡོད་ཅེས་བསྒྲགས་ཀྱང་དོན་དངོས་སུ་དེ་ལྟར་མིན་པ་འདྲ་ཞེས་བཤད།།

ཉམས་ཞིབ་པ་གཞན་ཚོས་༢༠༡༨་གྱི་ཕྱི་ཟླ་༢་ནས་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་སོང་བ་དང་དེ་ནས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱས་ཡོད་ཅིང་། རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་བའང་ཡར་རྒྱས་སོང་བས་འདས་པའི་ལོ་མང་རིང་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་པར་ལྷོད་གཡེང་བྱུང་སོང་། བྱང་ཀོ་རི་ཡར་མེ་ཤུགས་འཕུར་མདེལ་དང་དམག་དོན་འགྲོ་གྲོན་ཆེད་དུ་ཚོང་ལས་གཉེར་ནས་དཔལ་འབྱོར་འདུ་འགོད་བྱེད་པའི་གོ་སྐབས་ཐོབ་སོང་། ལྷག་པར་དུ་རྒྱ་ནག་གིས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཚམས་བཞག་པས་བྱང་ཀོ་རི་ཡར་དཔལ་འབྱོར་དཀའ་ངལ་འཕྲད་བཞིན་པའི་འགོག་རྐྱེན་ཆེན་པོ་ཞིག་སེལ་སོང་། དེ་ནས་བྱང་ཀོ་རི་ཡར་མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་རྒྱ་སྐྱེད་གཏོང་བའི་དཔལ་འབྱོར་སྟོབས་ཤུགས་ལྡན་སོང་ཞེས་གླེང་སློང་བྱེད་ཀྱི་ཡོད་པར་མ་ཟད། ཨ་རིའི་ཉམས་ཞིབ་པ་ལུ་ཝི་སི་དང་ཤི་མར་ལེར་གཉིས་ཀྱིས་ཀྱང་བྱང་ཀོ་རི་ཡའི་དབྱང་ཅའོ་ཏུང་དང་ཧུའི་ཇུང་ཎི་མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་གཉིས་ཁ་ཁ་ཡིན་པ་ལྟ་བུ་ཞིག་ཏུ་སྣང་རུང་དོན་དངོས་སུ་རྟེན་གཞི་དེ་དག་མ་ལག་གཅིག་གི་ཁོངས་སུ་འདུ། དབྱང་ཅའོ་ཏུང་དང་ཧུའི་ཇུང་ཎི་གཉིས་རྒྱ་ནག་གི་ས་མཚམས་སུ་ཡོད་པ་དང་རི་ཁོག་ཏུ་ཡོད་པས་མ་འོངས་པར་བྱང་ཀོ་རི་ཡས་ཨ་མི་རི་ཀར་དམག་རྒྱག་དགོས་ཐུག་ཚེ། གོང་གི་མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་གཉིས་ནས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་གྱིས་ཨ་མི་རི་ཀར་རྒོལ་རྡུང་འབྱུང་སྲིད་ཅེས་བཤད།།

ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀ་གཉིས་སྔ་མོ་ནས་བྱང་ཀོ་རི་ཡས་རང་གི་མེ་ཤུགས་འཕུར་མདེལ་རྣམས་རྒྱ་ནག་གི་ས་མཚམས་སུ་འགྲེམ་འཇོག་བྱེད་ཀྱི་ཡོད་པ་དང་། གལ་སྲིད་ཨ་མི་རི་ཀས་ཚུར་རྒོལ་བྱུང་ན་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་རྣམས་ཉར་འཛིན་བྱེད་ཐུབ་རྒྱུ་མིན་པའི་ཁོག་རྩིས་རྒྱག་གི་ཡོད་པ། དེར་བརྟེན་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་རྣམས་རྒྱ་ནག་གི་ས་མཚམས་སུ་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་དོགས་པ་བྱུང་འདུག ལྷོ་ཀོ་རི་ཡའི་དམག་དོན་ཉམས་ཞིབ་པ་ཞིག་གིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་གསར་པའི་བརྙན་པར་ཐོན་པར་ཞིབ་འཇུག་གཟབ་ནན་བྱེད་བཞིན་ཡོད། ང་ཚོས་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་བྱང་ཀོ་རི་ཡའི་ཉེན་ཀ་ལྡོག་ཐབས་བྱེད་བཞིན་ཡོད་ཅེས་བཤད། ཚན་རིག་པ་ཚོས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་རྣམས་ཨ་མི་རི་ཀའི་ས་གནས་ཀུན་ཏུ་སྙོབ་ཐུབ་པའི་ནུས་པ་ལྡན་མོད། ད་དུང་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གྱི་རྩེ་མོར་རྡུལ་ཕྲན་མཚོན་ཆ་འཁྱེར་ཐུབ་པའི་འཕྲུལ་རིག་ལག་རྩལ་མི་འདུག ཀིམ་ཇུང་ཨུན་གྱིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གྱི་རྩེ་མོར་རྡུལ་ཕྲན་མཚོན་ཆ་བསྐྱོན་ཐུབ་པ་དང་། བྱང་ཀོ་རི་ཡའི་རྡུལ་ཕྲན་འབར་མདེལ་འཁྱེར་པའི་མེ་ཤུགས་འཕུར་མདེལ་རྣམས་ཨ་མི་རི་ཀའི་ས་ཐོག་ཏུ་སྙོབ་ཐུབ་པ་ཞིག་བཟོ་དགོས་པའི་འབད་བརྩོན་བྱེད་བཞིན་འདུག བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་གྱིས་རྒྱལ་ཁབ་དེའི་བདེ་འཇགས་སྲུང་སྐྱོབ་ལ་འགན་ལེན་ཐུབ། རྡུལ་ཕྲན་མཚོན་ཆ་མེད་པར་བྱང་ཀོ་རི་ཡ་དམར་ཤོག་རྒྱལ་ཁབ་འཚོ་གནས་མི་ཐུབ་པའི་བློ་འཚབ་བྱེད་ཀྱིན་འདུག་ཅེས་གནས་ཚུལ་འདུག

XS
SM
MD
LG