ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ཉི་ཧོང་། རྒྱ་གར་གསུམ་གྱི་མཉམ་འབྲེལ། 


༄༅།། ཨ་རི་དང་རྒྱ་གར། ཉི་ཧོང་གི་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་གྱིས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་མཐུན་བྱུང་ཞིང་། འདི་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་གར་གྱི་སྲིད་བློན་མོ་དྷི། ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེ་གསུམ་ལྷན་འཛོམས་གྲོས་མོལ་བྱུང་བ་ཐེངས་དང་པོ་ཡིན་རུང་སྲིད་བློན་མོ་དྷིས་ཕྱོགས་གསུམ་གྱི་འབྲེལ་བ་ཡར་རྒྱས་གཏོང་ཕྱོགས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་བྱུང་སོང་ཞེས་ཊོས་ཊར་དྲྭ་ལམ་དུ་རྩོམ་ཐུང་ཞིག་སྤེལ་ཏེ་ང་ཚོས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་དཔལ་འབྱོར་འབྲེལ་བ་དང་ཐུན་མོང་གི་འཕེལ་རྒྱས་གོང་འཕེལ་གཏོང་ཕྱོགས་ལ་ཆོད་སེམས་བརྟན་པོ་བཙུགས་ཡོད་པར་འགྱུར་བ་མེད། རྒྱལ་ཁབ་གསུམ་གྱི་འབྲེལ་བ་ནི་རང་དབང་དང་གུ་ཡངས། ཁོངས་སུ་འདུ་བ་དང་སྒྲིག་ཁྲིམས་གཞི་རྩར་བཟུང་ནས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་གཙིགས་སུ་འཛིན་རྒྱུ་དེ་ཡིན་ཞེས་གནས་ཚུལ་སྤེལ་འདུག

རྒྱ་གར་དང་ཨ་རི། ཉི་ཧོང་གསུམ་མཉམ་འབྲེལ་གྱི་གྲོས་མོལ་ནི་སྲིད་བློན་མོ་དྷིས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་ཞོར་དུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་བྱུང་ཡོད་པ་སྟེ། རྒྱ་དཀར་ནག་གཉིས་དང་ཨུ་རུ་སུ་བཅས་ཀྱིས་རྒྱལ་ཁབ་ཕྱོགས་མང་གི་ཚོང་ལས་ལམ་སྲོལ་དང་དཔལ་འབྱོར་སྒོ་འབྱེད་ལ་དགེ་མཚན་ཡོད་པ་གསལ་སྟོན་བྱས་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་སྒྲིག་འཛུགས་བཅས་ལ་ལེགས་བཅོས་གཏོང་དགོས་ཞེས་ནན་བརྗོད་བྱས་ཀྱང་རྒྱ་གར་དང་ཉི་ཧོང་། ཨ་རི་གསུམ་གྱི་མཉམ་འབྲེལ་ནི་ཉི་ཧོང་ཚུད་པའི་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་རྒྱ་ནག་ལ་མངའ་ཁོངས་རྩོད་གླེང་གི་འགལ་ཟླ་ཡོད་པའི་མཚམས་སུ་བྱུང་ཞིང་། སྲིད་བློན་མོ་དྷིས་འབྲེལ་ཡོད་རྒྱལ་ཁབ་གསུམ་མཉམ་འབྲེལ་ཐུབ་པར་དགེ་མཚན་ཆེན་པོ་ཡོད། ང་ཚོ་ནི་རང་དབང་དང་དམངས་གཙོའི་ལྟ་གྲུབ་གོང་བཀུར་བྱེད་མཁན་གཅིག་མཚུངས་ཡིན། ང་ཚོས་མུ་མཐུད་དུ་མཉམ་འབྲེལ་བྱས་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། ཡར་རྒྱས་གོང་འཕེལ་བཅས་ལ་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་ཡོད་ཅེས་བཤད།

སྲིད་བློན་མོ་དྷིས་རྒྱ་གར་ནས་ཞི་བདེ་རྒྱ་མཚོ་བར་དུ་ཞི་བདེ་བསྐྲུན་རྒྱུ་དང་ཡར་རྒྱས་གཏོང་ཕྱོགས་སུ་འབྲེལ་མཐུད་དང་རྒྱུན་འཁྱོངས་ཐུབ་པའི་འཛུགས་སྐྲུན། ངལ་སྐྱོབ་དང་མཚོ་ལམ་གྱི་རང་དབང་སྲུང་སྐྱོབ། བཀག་སྡོམ་མེད་པའི་འགུལ་སྐྱོད་བཅས་ལག་བསྟར་སྲིད་ཇུས་ལྔ་བཏོན། ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེས་ཕྱོགས་གསུམ་གྱི་འབྲེལ་བའི་སྟོབས་ཤུགས་ཡར་རྒྱས་བཏང་ནས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་རང་དབང་དང་གུ་ཡངས་མངོན་དུ་འགྱུར་ཐུབ་པའི་རེ་བ་འཆང་ཡོད། ཨ་རི་དང་རྒྱ་གར། ཉི་ཧོང་གསུམ་མཉམ་འབྲེལ་བྱས་ན་ཨེ་ཤི་ཡའི་མངའ་ཁུལ་དང་འཛམ་གླིང་ཡོངས་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུའི་ནུས་པ་ཆེན་པོ་འདོན་ཐུབ་ཅེས་བཤད་འདུག ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་གར་ཕྱོགས་གང་ཐད་དུ་འཕེལ་རྒྱས་འགྲོ་བཞིན་པར་དགའ་ཚོར་ཆེན་པོ་བྱུང་། ང་ཚོ་རྒྱལ་ཁབ་གསུམ་གྱི་འབྲེལ་བ་ནི་ཧ་ཅང་བཟང་པོ་དང་ཧ་ཅང་གི་བརྟན་པོ་ཡིན། རྒྱ་གར་དང་ཨ་རིའི་འབྲེལ་བ་སྔར་ལས་ཇེ་བརྟན་དུ་སོང་ཡོད་ཟེར་ཆོག ང་ཚོས་མཉམ་དུ་ལས་དོན་དགེ་མཚན་ཅན་མང་པོ་ཞིག་སྒྲུབ་བཞིན་ཡོད་པར་མ་ཟད། ཚོང་ལས་ཀྱང་ཡར་རྒྱས་ཆེན་པོ་ཞིག་གཏོང་གི་ཡོད། ང་ཚོས་རྒྱལ་སྲུང་མཉམ་འབྲེལ་དང་དམག་དོན་ཡོ་བྱད་ཉོ་ཚོང་རྒྱ་ཆེན་པོ་ཞིག་བྱེད་བཞིན་ཡོད་ཅེས་བཤད་འདུག

ནུབ་ཕྱོགས་ཀྱི་གསར་འགྱུར་ལས་ཁང་ཁག་ཅིག་གིས་ཨ་རི་དང་རྒྱ་གར། ཉི་ཧོང་གསུམ་གྱི་འབྲེལ་བ་ནི་མཚོན་དོན་ཙམ་ཡིན་པ་དང་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་པའི་སྒྲིག་འཛུགས་ཤིག་ལ་འགྱུར་མི་སྲིད། དེའི་རྒྱུ་མཚན་ནི་རྒྱ་གར་དང་ཉི་ཧོང་གཉིས་ཀས་རྒྱ་ནག་ལ་འབྲེལ་བ་བཟང་པོ་ཞིག་འཛིན་རྒྱུ་གནད་འགག་ཆེན་པོ་ཡིན་པས་རྒྱ་གར་དང་ཉི་ཧོང་གཉིས་ཀྱིས་རྒྱ་ནག་ལ་འབྲེལ་བ་སྡུག་ཏུ་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་མི་སྲིད། རྒྱ་གར་དང་ཉི་ཧོང་གཉིས་ཀྱིས་ཨ་མི་རི་ཀར་འབྲེལ་བ་བཟང་པོ་ཞིག་འཛིན་དགོས་པ་དེ་ལའང་གནད་འགག་ཡོད། ཨ་མི་རི་ཀས་རྒྱ་ནག་དཀའ་ངལ་ལ་ཚུད་དུ་འཇུག་འདོད་ཡོད་པ་དེ་འདྲ་ཞིག་ཉི་ཧོང་དང་རྒྱ་གར་གཉིས་ཀྱིས་བསྒྲུབ་མི་སྲིད་ཅེས་གསར་འགྱུར་སྤེལ། རྒྱ་ནག་གི་ཆིང་ཧྭ་སློབ་གྲྭ་ཆེན་མོའི་རྒྱལ་ཡོངས་འཐབ་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཆན་ཧྥིང་ཞེས་པ་ཞིག་གིས་ཕྱོགས་གསུམ་གྱི་འབྲེལ་བ་དེ་མཚོན་དོན་ཙམ་ཡིན་ཞིང་། ཨ་མི་རི་ཀས་བཤད་པ་ལྟར་སྟོབས་ཤུགས་ལྡན་པའི་ཕྱོགས་གསུམ་གྱི་སྒྲིག་འཛུགས་ཤིག་ལ་འགྱུར་ཐབས་མེད། རྒྱ་ནག་གིས་དོགས་ཟོན་བྱ་དགོས་པ་ཞིག་ཡིན་རུང་རྒྱ་གར་དང་ཉི་ཧོང་། ཨ་རི་གསུམ་མཉམ་འབྲེལ་བྱས་ནས་རྒྱ་ནག་གི་ཁེ་ཕན་ལ་གནོད་ཐུབ་པའི་མཚམས་དེར་སླེབས་མེད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་པའི་ལོ་འཁོར་ཚོགས་ཆེན་ཞོར་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཉི་ཧོང་གི་སྲིད་བློན། རྒྱ་གར་གྱི་སྲིད་བློན་རྣམ་པའང་ལོགས་སུ་ཐུག་འཕྲད་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་འཛིན་དགོས་པའི་གྲོས་མོལ་བྱས་འདུག་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG