ཨ་རིའི་སྲིད་འཛིན་ ༤༡ ཇོའོ་ཇེ་ བྷུཤེ་བགྲེས་པ་རེས་གཟའ་པ་སངས་ཀྱི་མཚན་མོ་ཧུས་ཀྲོན་གྲོང་ཁྱེར་གྱི་གཟིམ་ཤག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་ཕྱག་བྲིས་གནང་འདུག་པ་དང་། ཨ་རིའི་སྲིད་འཛིན་ཇོའོ་ བྷུཤེ་སྐུ་བགྲེས་པ་ནི་ཨ་རིའི་སྲིད་འཛིན་ཁོངས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་ནས་མཇལ་འཕྲད་ཞུ་མཁན་དང་པོ་དེ་ཡིན་པ་མ་ཟད། ཨ་རི་གཞུང་གིས་བོད་དོན་ཐོག་མངོན་གསལ་དོད་པོས་ཐུགས་སྣང་གནང་རྒྱུ་དབུ་འཛུགས་དེ་ཡང་ཁོང་གི་སྲིད་འཛིན་ལས་ཡུན་ནས་དབུ་འཛུགས་གནང་བ་ཞིག་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་ཟུར་པ་ཇོའོ་ བྷུཤེ་གཞོན་པར་བསྩལ་པའི་ཐུགས་གསོའི་བཀའ་ཡིག་ནང་ སྐུ་ཉིད་ཀྱི་ཡབ་འདས་གྲོངས་སུ་གྱུར་བར་ངོས་རང་བློ་ཕམ་ཆེན་པོ་བྱུང་། དཀའ་སྡུག་ཆེ་བའི་དུས་སྐབས་འདིར་ངོས་ཀྱིས་སྐུ་ཉིད་དང་ནང་མི་ལྟོས་བཅས་ལ་ཡིད་གདུང་དྲག་པོས་སེམས་གསོ་བྱེད་ཀྱི་ཡོད། ངོས་ཀྱིས་དམ་པ་ཁོང་དང་མཇལ་བ་དེ་ནི་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་ཆེས་ཐོག་མ་དེ་ཆགས་ཡོད། སྐབས་དེར་དམ་པ་ཁོང་གིས་བོད་མི་དང་བོད་ནང་གི་གནས་སྟངས་ལ་དོན་དམ་གྱི་ཐུགས་ཁུར་ཆེ་བཞེས་གནང་བར་བརྟེན་ངོས་ལ་སེམས་འགུལ་ཤུགས་ཆེ་ཐེབས་བྱུང་ཞེས་གསུངས་འདུག
ཁོང་གི་སྲས་སྲིད་འཛིན་བྷུཤེ་གཞོན་པས་མྱ་ངན་རྗེས་དྲན་དང་སྦྲགས་གསུང་དོན། དམ་པ་ཁོང་ནི་ཆེས་ཡ་རབས་སྤྱོད་བཟང་ལྡན་པའི་སྐྱེས་བུ་གཅིག་ཡིན་པ་དང་། ཁོང་སྐུ་འཚོ་བཞུགས་རིང་གཞན་ལ་བརྩེ་བ་དང་བྱམས་བརྩེ་ལྡན་པར་བཞུགས་ཡོད་པ་དེར་ང་ཚོ་ནང་མི་ལྟོས་བཅས་ཡོངས་ཀྱིས་དགའ་སྒོམ་བྱེད་ཀྱི་ཡོད་ཅེས་གསུངས་འདུག དེ་བཞིན་སྐུ་ཚེ་ཧྲིལ་པོ་མི་མང་གི་བདེན་དོན་ཆེད་མི་ཚེ་བསྐྱལ་ཡོད་པ་དེར་སྲིད་འཛིན་ཨོ་བྷ་མ་དང་ཀི་ལིན་ཌན་གཉིས་ཀྱང་ཡིད་རངས་རྗེས་དྲན་ཞུས་འདུག
སྲིད་འཛིན་ཌོ་ནལྜ་ ཀྲམ་གྱིས་ཨར་ཇན་ཌི་ནའི་ནང་འཛམ་གླིང་གི་དཔལ་འབྱོར་བཟང་བའི་རྒྱལ་ཁབ་ཉི་ཤུའི་ཚོགས་འདུར་མཉམ་ཞུགས་གནང་བཞིན་པའི་སྐབས་སྲིད་འཛིན་ཟུར་པ་ཇོའོ་ བྷུཤེ་བགྲེས་པ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཤེས་རྟོགས་བྱུང་མ་ཐག་ཐུགས་གསོ་གནང་ནས་རྗེས་དྲན་མྱ་ངན་ཚོགས་འཛོམས་ལ་བཅར་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག
ཇོའོ་ ཧར་བྷརྜ་ ཝལ་ཀར་ བྷུཤེ་ནི་ཨ་རིའི་ལོ་རྒྱུས་ནང་ཕ་བུ་གཉིས་ཀ་སྲིད་འཛིན་ལ་འདེམས་ཐོན་བྱུང་བའི་སྐྱེས་བུ་གཅིག་ཡིན་པ་དང་། ཟླ་བ་འགའ་ཤས་གོང་ཁོང་གི་སྐུ་ཟླ་བྷབ་ར་ བྷུཤེ་འདས་གྲོངས་སོང་རྗེས་ཟླ་བ་མང་པོའི་རིང་སྐུ་གཟུགས་བདེ་པོ་མ་བྱུང་བར་སྨན་ཁང་དུ་ཡང་ཡང་ཕེབས་དགོས་བྱུང་རྗེས། རེས་གཟའ་པ་སངས་ཀྱི་མཚན་ལ་བཞུགས་གནས་ཧུས་ཀྲོན་གྲོང་ཁྱེར་ནང་འདས་གྲོངས་སུ་གྱུར་འདུག་པ་དང་། ཁོང་དགོང་ལོ་ ༩༤ ཡིན་འདུག
ཨ་རིའི་སྲིད་འཛིན་ལ་འོས་འདེམས་མ་བྱུང་གོང་ཨ་རིའི་གཞུང་ཚབ་ཆེན་མོ་ནས་སྲིད་འཛིན་གཞོན་པའི་བར་ལོ་ངོ་བཅུ་ཕྲག་མང་པོའི་རིང་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་སོགས་ཨ་རི་གཞུང་གི་ཚན་པ་མང་པོར་ཕྱག་ལས་གནང་ཡོད་པ་མ་ཟད། དམག་ཆེན་གཉིས་པའི་སྐབས་ཨ་རིའི་མཚོ་དམག་དཔུང་སྡེར་ཞུགས་ནས་དམག་འཐབ་ནང་མཉམ་ཞུགས་གནང་ཡོད་པ་རེད། ཁོང་གིས་ཨ་རིའི་སྲིད་འཛིན་གནང་རིང་པ་ཎ་མའི་ནང་དུག་རྫས་ནག་ཚོང་རྒྱག་མཁན་གྱི་འགོ་གཙོ་མ་ནུའལ་སྲིད་དབང་ནས་ཕྱིར་འབུད་གཏོང་རྒྱུར་ཨ་རིའི་དམག་མིས་དཔུང་འཇུག་བྱས་པ་དང་། ཨི་རག་གི་སྲིད་དབང་གཅིག་སྡུད་པ་ས་ཌམ་ ཧུ་སེན་གྱིས་རྡོ་སྣུམ་གྱི་ཕྱུག་པའི་མཚོ་ཁུག་རྒྱལ་ཁབ་ཀྱུ་ཝེཏ་བཙན་བཟུང་བྱེད་སྐབས་ཨ་རིའི་དམག་མི་བཏང་ནས་ཀྱུ་ཝེཏ་ཀྱི་མངའ་དབང་སྲུང་སྐྱོབ་བྱས་པ་བཅས་ལ་མང་ཚོགས་ཀྱིས་དགའ་མོས་རྒྱབ་སྐྱོར་ཚད་མཐོ་ཤོས་བྱུང་ཡོད་པ་རེད།