ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྐུ་གཞོག་དཔལ་ལྡན་རྒྱ་མཚོ་སྐུ་གཤེགས་པ།


༄༅།། ཕྱི་ཟླ་༡༡་ཚེས་༣༠་ཉིན་གྱི་ཞོགས་པའི་ཆུ་ཚོད་༧་དང་སྐར་མ་༡༠་སྟེང་དུ་བོད་ཀྱི་སྲིད་དོན་བཙོན་པ་ཟུར་པ་སྐུ་གཞོག་དཔལ་ལྡན་རྒྱ་མཚོ་བཞུགས་སྒར་དྷ་རམ་ས་ལའི་བདེ་ལེགས་སྨན་ཁང་དུ་ལོ་ན་༨༥་ཐོག་ཏུ་ནད་མནར་གྱིས་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

དམ་པ་དེ་ཉིད་༡༩༣༣་ལོར་བོད་ཀྱི་གཞིས་ཀ་རྩེའི་པ་རྣམ་རྫོང་དུ་འཁྲུངས། ༡༩༤༣་ལོ་སྟེ། དགུང་ལོ་བཅུའི་ཐོག་ཏུ་དགའ་གདོང་དགོན་པར་ཆོས་ཞུགས་དང་དེ་ནས་དབུས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སུ་ཆོས་གྲྭ་འགྲིམས། ༡༩༥༩་ལོར་སྐུ་གཞོག་དཔལ་ལྡན་རྒྱ་མཚོས་རྒྱ་ནག་གི་བཙན་གནོན་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་བཙོན་དུ་བཅུག་སྟེ་ལོ་༣༣་ལ་རྒྱ་ནག་གི་བཙོན་ཁང་རིམ་པ་ཞིག་གི་ནང་དུ་སྡུག་སྦྱོང་དང་མནར་གཅོད་མྱངས། ༡༩༩༢་ལོར་བཙོན་གྲོལ་ཐོབ་པའི་རྗེས་སུ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས། དེ་ནས་བཟུང་སྟེ་དམ་པ་དེ་ཉིད་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་དང་གཞུང་འབྲེལ་མི་སྣ་ཁག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་སློབ་ཆེན་ཁག ཉམས་ཞིབ་པ་དང་ཤེས་ཡོན་ཅན་སོགས་སྐྱེ་བོ་བརྒྱ་ཕྲག་མང་པོར་བོད་དོན་དྲིལ་བསྒྲགས་ཀྱི་གཏམ་བཤད་ལས་འགུལ་སྤེལ་བ་མ་ཟད། དོ་བདག་རང་གིས་དངོས་སུ་བཙོན་ཁང་དུ་མནར་གཅོད་མྱངས་ལུགས་དང་ལྕགས་སྒྲོག གློག་རྒྱུག་སོགས་རྒྱ་གཞུང་གི་བཙོན་སྲུང་བ་ཚོས་བོད་པ་བཙོན་པར་མནར་གཅོད་བྱེད་སྤྱད་ཀྱི་ལག་ཅ་རྣམས་འགྲེམ་སྟོན་བྱས་ནས་བོད་ནང་གི་བཙོན་ཁང་ཁག་གི་གནས་སྟངས་ངོ་མ་ཐེར་འདོན་བྱས་ཤིང་། ༢༠༠༨་ལོར་ཁ་བའི་འོག་གི་མེ་ལྕེ་ཞེས་རང་གི་ལོ་རྒྱུས་ཀྱི་དཔེ་དེབ་བརྩམས་པར་མ་ཟད། དམ་པ་དེ་ཉིད་ཀྱི་སྐུ་ཚེ་ཧྲིལ་བོར་བོད་དོན་འཐབ་རྩོད་དང་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་བསྔོས།

ལོ་ཤས་གོང་ནས་སྐུ་གཞོག་དཔལ་ལྡན་རྒྱ་མཚོ་བཞུགས་སྒར་དྷ་རམ་ས་ལའི་ཀིརྟི་བྱེས་པ་གྲྭ་ཚང་གི་སྐྱིད་སྡུག་ཁོངས་སུ་ཞུགས་ཏེ་གྲྭ་ཚང་གི་གཟིགས་སྐྱོང་འོག་ཏུ་སྐུ་ཚེའི་འཕེན་པ་རྫོགས། ཀིརྟི་བྱེས་པ་གྲྭ་ཚང་གི་ལས་སྣེ་བློ་བཟང་ཡེ་ཤེས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན་སྐུ་གཞོག་དཔལ་ལྡན་རྒྱ་མཚོར་མཆིན་པའི་སྐྲན་ནད་ཕོག་ཡོད་ཅིང་། ཁོང་མ་གཤེགས་གོང་དེར་༧གོང་ས་མཆོག་གི་དམིགས་བསལ་མཇལ་ཁ་ཐོབ་ནས་ཚེ་རབས་རྗེས་འཛིན་ཐུགས་སྨོན་གནང་འདུག དམ་པ་དེ་ཉིད་སྐུ་གཤེགས་ཁའི་དུས་སུའང་བོད་དོན་གླེང་སློང་གནང་སྟེ་ལག་གཉིས་ཐལ་མོ་སྦྱར། ༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་ཞལ་ཕྱོགས་ནས་ཕྱི་མའི་ལྔ་ལམ་དུ་གཤེགས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG