ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཕྱི་རྒྱལ་གྱི་བཟོ་གྲྭ་རྣམས་རྒྱ་ནག་ནས་གནས་སྤོར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཨ་རི་དང་རྒྱ་ནག་གི་ཚོང་འབྲེལ་འདིར་ཁེ་གྱོང་ཅི་ཞིག་འབྱུང་གི་ཡོད་མེད་སུ་གཅིག་གིས་ཀྱང་ཁ་ཚོན་བཅད་ནས་བཤད་དཀའ། ཡིན་ནའང་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་བཟུང་སྟེ་རྒྱ་ནག་གི་ས་ཐོག་ཏུ་བཟོ་གྲྭ་བཙུགས་ནས་ཅ་ལག་བཟོ་མཁན་ཕྱི་རྒྱལ་གྱི་བཟོ་གྲྭ་ཁག་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་སྟེ། ཝི་ཏེ་ནམ་དང་ཨིན་རྡུ་ནེ་ཤི་ཡ། ཧྥི་ལི་ཕིན་སོགས་ལ་གནས་སྤོར་བྱས་ནས་རྒྱ་ནག་གི་ས་ཐོག་ཏུ་བཙུགས་ཡོད་པའི་བཟོ་གྲྭ་རྣམས་སྒོ་རྒྱག་གི་ཡོད་ཅིང་། ལོ་རྗེས་མའི་ཕྱི་ཟླ་དང་པོ་ནས་ཨ་རིའི་རྒྱལ་ནང་གི་དངོས་ཟོག་ལ་རིན་གོང་འཕར་རྒྱུ་ཡིན་པས་སྲིད་འཛིན་ཌོ་ནལ་ཊམ་གྱི་ཚོང་ལས་སྲིད་ཇུས་འདིར་ཨ་རིའི་རྒྱལ་ནང་དུ་རྒྱབ་སྐྱོར་འཐོབ་རྒྱུ་ཡིན་མིན། ཁོང་གིས་མུ་མཐུད་དུ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་རྒྱུན་འཁྱོངས་བྱ་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་ཀྱང་ཕྱི་རྒྱལ་གྱི་བཟོ་གྲྭ་མང་པོ་ཞིག་རྒྱ་ནག་ནས་ཝི་ཏེ་ནམ་ལ་སྤོར་གྱི་ཡོད་པ་ངེས་གཏན་ཐུབ། དེང་སྐབས་ཝི་ཏེ་ནམ་ལ་ཕྱི་རྒྱལ་གྱི་མ་རྩ་བཙུགས་ནས་བཟོ་གྲྭ་སྒོ་འབྱེད་བྱ་རྒྱུ་ཇེ་མང་དུ་སོང་སྟེ་མི་མང་ལ་ལས་ཀའི་གོ་སྐབས་དང་རྒྱལ་ཁབ་དེའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་ཆེ་རུ་འགྲོ་བཞིན་པ་ནི་མངོན་སུམ་གྱིས་སྒྲུབ་ཐུབ།།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་སྤར་ནས་ཟླ་བ་གཅིག་མ་འགོར་པར་ཧོང་ཀོང་གི་ཁྱིམ་ཆས་བཟོ་གྲྭ་གཙོ་བོ་སྟེ། མན་ཝ་ཁྱིམ་ཆས་བཟོ་ཚོང་ཁང་ལ་རྒྱ་ནག་གི་ས་ཐོག་ཏུ་བཟོ་གྲྭ་ཧྥི་ཁྲུ་གྲུ་བཞི་མ་ས་ཡ་༡༨་ཅན་ཞིག་ཡོད་ཀྱང་མན་ཝ་ཁྱིམ་ཆས་བཟོ་ཚོང་ཁང་གིས་ཝི་ཏེ་ནམ་གྱི་ཧུ་ཀྲི་མིན་གྲོང་ཁྱེར་ཕྱི་ལོགས་སུ་བཟོ་གྲྭ་རྒྱ་སྐྱེད་ཀྱི་རྩིག་རྡོ་བཏིངས། ཁ་སྔོན་ཕྱི་ཟླ་༦་པར་ཁྱིམ་ཆས་བཟོ་ཚོང་ཁང་དེས་ཝི་ཏེ་ནམ་གྱི་ཅ་ལག་བཟོ་གྲྭ་ཆེ་ཤོས་ཤིག་ཉོས་པར་མ་ཟད། ཨ་མི་རི་ཀ་ནས་དབྱིན་ལེ་༩༠༠༠་ཡས་མས་ཤིག་གི་མཚམས་སུ་ཝི་ཏེ་ནམ་གྱི་མཚོ་འགྲམ་ཞིག་ཏུ་དངོས་ཟོག་བཟོ་གྲྭའི་གྲོང་ཁྱེར་གསར་པ་ཞིག་ཆགས་ཀྱི་ཡོད་ཅིང་། ཝི་ཏེ་ནམ་གྱི་ཚོང་ལས་ཐབས་ཇུས་ཁང་གི་ཉམས་ཞིབ་པ་གའོ་ཅན་ཞེས་པ་ཞིག་གིས་བརྗོད་དོན། ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་སྤར་པ་བཟོ་ཚོང་ལས་ཁང་ཁག་ཅིག་གིས་འཁུར་ཐུབ་རྒྱུའི་དབང་དུ་བཏང་རུང་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་ཚེ། རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གི་ཁེ་སྤོགས་ཚང་མ་མེད་པར་འགྱུར་རྒྱུ་ཡིན་ཞིང་། དེར་བརྟེན་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་རྒྱལ་ཁབ་གཞན་ལ་གནས་སྤོར་བྱེད་པའམ། ཡང་ན་རྒྱ་ནག་གི་ས་ཐོག་ཏུ་བཙུགས་པའི་བཟོ་གྲྭ་རྣམས་སྒོ་རྒྱག་དགོས་ཐུག་སྲིད། ངས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དང་ས་ཁང་ཉོ་ཚོང་ཁང་༤༠་ནས་༥༠་ཡས་མས་ཤིག་ལ་ལམ་སྟོན་བྱེད་བཞིན་ཡོད་ཅེས་བཤད་འདུག

ད་ལྟ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་འདི་མཇུག་བསྒྲིལ་ཐུབ་པའི་རེ་བ་འབའ་ཞིག་ནི་གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་ཞོར་དུ་ཐུག་འཕྲད་གྲོས་མོལ་གྱིས་རྒྱ་ནག་དང་ཨ་མི་རི་ཀར་གཉིས་ཕན་གྱི་ཐབས་ལམ་ཞིག་བཙལ་རྒྱུ་དང་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་ཐུབ་རྒྱུ་ཡིན་མིན་ལ་བལྟ་དགོས། བདུན་ཕྲག་འདིའི་མགོ་སྟོད་དེར་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་ནི་ལས་སླ་བོར་སེལ་ཐུབ་པ་ཞིག་མིན་ཞེས་སྔོན་བརྡ་བཏང་རུང་ཁ་སང་ཕྱི་ཚེས་༢༨་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱི་དཔལ་འབྱོར་སློབ་སྟོན་པ་ཞིག་གིས་ཞིས་ཅིན་ཕིང་ལ་ཐུག་འཕྲད་སྐབས་སུ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གི་དཀའ་ངལ་སེལ་ཐུབ་པའི་རེ་བ་ཡོད་ཅེས་གླེང་སློང་ཐ་དད་ཅིག་བྱས་འདུག ཡིན་ནའང་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་གི་ཐུག་འཕྲད་གྲོས་མོལ་ལ་གྲུབ་འབྲས་ཅི་འབྱུང་སྒུག་གི་མེད་པ་སྟེ། ཁོ་ཚོ་རྒྱ་ནག་ནས་ཝི་ཏེ་ནམ་གཙོ་བོར་གྱུར་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་གནས་སྤོར་བྱ་རྒྱུ་མཚམས་འཇོག་གི་མེད་པ་དང་། གཟའ་འཁོར་འདིར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཆིན་ཊི་ནའི་རྒྱལ་ས་བྷེ་ནོ་སི་ཨ་རིར་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་འདུ་འཚོགས་ཀྱི་ཡོད་པ་རེད།།

XS
SM
MD
LG