ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་རྒྱ་ནག་གི་སློབ་ཕྲུག་ལ་ཚོད་འཛིན་བྱ་སྲིད།


༄༅།། ཨ་རིའི་སློབ་ཆེན་ཁག་ཏུ་ལོ་ལྟར་རྒྱ་ནག་གི་སློབ་ཕྲུག་འབུམ་ཕྲག་མང་པོ་སློབ་གཉེར་བྱེད་དུ་ཡོང་གི་ཡོད་པ་དང་། རྒྱ་ནག་གི་སློབ་ཕྲུག་གྲས་སུ་གསང་ཉུལ་བ་མི་ཉུང་བ་ཞིག་ཡོང་ཡོད་པས་ཨ་རིའི་གཞུང་གིས་རྒྱ་ནག་གི་སློབ་ཕྲུག་ཚོའི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱ་རྒྱུ། ཐ་ན་རྒྱ་ནག་ནས་ཨ་མི་རི་ཀར་སློབ་ཕྲུག་ཡོང་དུ་འཇུག་རྒྱུ་དེར་ཚོད་འཛིན་བྱ་དགོས་མིན་གྱི་བསམ་གཞིག་གཟབ་ནན་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་གི་སློབ་ཕྲུག་ཚོས་ཨ་མི་རི་ཀའི་ཚན་རིག་ལག་རྩལ་གྱི་གསང་བའི་ཤེས་བྱ་རྣམས་རྐུ་འཁྱེར་བྱེད་པ་དང་ཨ་རིའི་སློབ་ཆེན་ཁག་ལ་རྒྱ་ནག་གི་སློབ་མའི་མཐུན་ཚོགས་བཙུགས་ནས་རྒྱ་ནག་དམར་ཤོག་གི་ལྟ་བ་ཁྱབ་སྤེལ་བྱེད་པ། ཨ་མི་རི་ཀའི་སློབ་ཆེན་ཁག་ལ་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་ཁུན་ཙིའི་སློབ་གླིང་བཙུགས་ཏེ་རྒྱ་ནག་གི་སྲིད་ཇུས་དང་ལྟ་བ་རྣམས་ཁྱབ་བསྒྲགས་བྱེད་པ་དང་ཨ་མི་རི་ཀའི་སློབ་ཆེན་ཁག་ཏུ་བོད་དོན་དང་ཐེ་ཝན། ཞིན་ཅང་དང་ཧོང་ཀོང་། རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་སོགས་ལ་གླེང་སློང་བྱེད་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག

ད་ལོའི་ཕྱི་ཟླ་༦་པར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གི་སློབ་ཕྲུག་ཚོར་ཐོངས་མཆན་གྱི་དུས་ཡུན་ཐུང་དུ་བཏང་ཞིང་། དཔེར་ན་འཕྲུལ་ཆས་ཀྱི་མི་དང་ཡར་ཐོན་འཕྲུལ་རྩལ་གྱི་ཅ་ལག་བཟོ་བའི་སློབ་གཉེར་བའི་ཐོངས་མཆན་ལོ་ལྔ་ནས་ལོ་གཅིག་ལ་ཐུང་དུ་བཏང་འདུག འདི་ནི་ཨ་མི་རི་ཀའི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་རིག་གནས་ཀྱི་ཁྱབ་ཁོངས་ཆེ་གྲས་ཏེ། ཨ་མི་རི་ཀའི་ཚན་རིག་ལག་རྩལ་དང་རིག་དངོས་བདག་དབང་རྣམས་རྒྱ་ནག་གི་སློབ་ཕྲུག་ཚོས་རྐུ་འཁྱེར་བྱེད་ཀྱི་ཡོད་པ་འགོག་ཐབས་ཤིག་ཡིན་པར་མ་ཟད། ད་ལྟ་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་གི་སློབ་ཕྲུག་ཚོ་ཨ་མི་རི་ཀའི་སློབ་ཆེན་ཁག་ཏུ་མ་ཞུགས་སྔོན་ལ་སློབ་ཕྲུག་དེ་དག་གི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱ་རྒྱུ། སློབ་ཕྲུག་ཁ་པར་གྱི་འབྲེལ་ལམ་ཁག་ལ་ཞིབ་འཇུག་བྱ་རྒྱུ། སློབ་ཕྲུག་དེ་ཚོར་རྒྱ་ནག་དང་ཨ་མི་རི་ཀའི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་དྲྭ་བྱང་གང་གང་ཡོད་མེད་ལ་ཞིབ་འཇུག་བྱ་རྒྱུ། རྒྱ་ནག་གི་སློབ་ཕྲུག་དེ་ཚོ་སྲིད་གཞུང་གི་སྒྲིག་འཛུགས་ཁག་ལ་ཞུགས་ཡོད་མེད་དང་ཆབ་སྲིད་ཀྱི་ལྟ་བ་འཁྱེར་བཟོ། ཁོ་ཚོ་ཨ་མི་རི་ཀར་སློབ་གཉེར་བྱེད་དུ་ཡོང་དགོས་པའི་དམིགས་ཡུལ་ཅི་ཡིན་རྣམས་རྩད་གཅོད་བྱ་དགོས་ཞེས་ཨ་རིའི་གྲོས་ཚོགས་དང་ཨ་རིའི་སྲིད་གཞུང་གི་མཐོ་རིམ་ལས་སྣེ་ཚོའི་གྲས་སུ་གླེང་སློང་ཤུགས་ཆེན་འབྱུང་གི་ཡོད་འདུག

ཨ་རིའི་གཞུང་གིས་རང་གི་ཁྲིམས་འཛིན་ལྷན་ཁང་གི་ལས་སྣེ་ཚོར་རྒྱ་ནག་གི་གསང་ཉུལ་དེ་རྣམས་ཇི་ལྟར་རྩད་གཅོད་བྱ་དགོས་པ་དང་འཛིན་བཟུང་ཇི་ལྟར་བྱ་དགོས་པ། རྒྱ་ནག་གི་སློབ་ཕྲུག་དོགས་པ་བྱ་དགོས་པ་ཁག་ལ་ལྟ་རྟོག་ཇི་ལྟར་བྱ་དགོས་པའི་སྦྱོང་བརྡར་སྤྲོད་འཆར་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨ་མི་རི་ཀར་སློབ་སྦྱོང་ལ་གཏོང་གི་ཡོད་པའི་སློབ་ཕྲུག་ཡོད་དོ་ཅོག་ལ་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་ཆོག་མཆན་འཐོབ་དགོས། དེར་བརྟེན་ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་རྒྱ་ནག་ནས་ཡོང་བའི་སློབ་ཕྲུག་ཚང་མ་གསང་ཉུལ་ཡིན་མི་སྲིད་ཀྱང་སློབ་ཕྲུག་དེ་དག་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་ནག་གཞུང་ལ་འབྲེལ་བ་མེད་པ་ཞིག་མིན་ཞེས་བཤད། རྒྱ་ནག་གཞུང་གིས་ཨ་མི་རི་ཀས་རྒྱ་ནག་གི་སློབ་ཕྲུག་གི་གྲས་སུ་གསང་ཉུལ་འདུག་ཅེས་འུར་སྒྲོགས་བྱས་ནས་གནས་ཚུལ་ཆེ་རུ་གཏོང་གི་འདུག་ཅེས་དགག་པ་བརྒྱབ། ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་ཨ་མི་རི་ཀས་ཅིའི་ཕྱིར་རྒྱ་ནག་གི་སློབ་ཕྲུག་ཚོར་གསང་ཉུལ་གྱི་ནག་ཉེས་འཛུགས་ཀྱི་ཡོད་པ་རེད་དམ། འདི་ནི་ཧ་ཅང་གི་མ་དྲང་བ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།

ཨ་མི་རི་ཀས་རྒྱ་ནག་གི་སློབ་ཕྲུག་ཚོར་ཚོད་འཛིན་བྱ་རྒྱུ་ནི་རྒྱ་ནག་གིས་ཨ་མི་རི་ཀས་ཚན་རིག་ལག་རྩལ་དང་རིག་དངོས་བདག་དབང་རྐུ་འཁྱེར་དང་བཙན་འཕྲོག མཉམ་འབྲེལ་གྱི་ལམ་ནས་འཁྱེར་ཐབས་བྱེད་ཀྱི་ཡོད་པ་རྣམས་འགོག་ཐབས་ཀྱི་འཆར་གཞི་ཆེན་པོ་ཞིག་གི་ཁོངས་སུ་ཚུད་ཅིང་། རྒྱ་ནག་གཞུང་གིས་རང་གི་ས་ཐོག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རང་གི་གསང་བའི་ཤེས་བྱ་རྒྱ་ནག་ལ་མཁོ་སྤྲོད་བྱ་དགོས་པའི་བཙན་བཀའ་གཏོང་བའམ། ཡང་ན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རང་གི་འཕྲུལ་རིག་ལག་རྩལ་གྱི་གསང་བའི་ཤེས་བྱ་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་བསླབ་དགོས་ཞེས་བཙན་དྲག་སྐུལ་གྱི་ཡོད་པ་དང་། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་མ་རྩ་བཙུགས་ནས་ཨ་རིའི་འཕྲུལ་རིག་ལག་རྩལ་གྱི་གསང་བའི་ཤེས་བྱ་རྣམས་རྒྱ་ནག་གིས་མཉམ་འཁྱེར་བྱེད་པ། ད་དུང་ཨ་མི་རི་ཀའི་ཚན་རིག་ལག་རྩལ་དང་རྡུལ་ཕྲན། མཁའ་དབྱིངས་ཞིབ་འཇུག་ལས་ཁང་ཁག་གི་གསང་བའི་གནས་ཚུལ་རྣམས་རྒྱ་ནག་གི་གསང་ཉུལ་ཚོས་རྐུ་འཁྱེར་བྱས་པ། ཨ་རི་བ་རྒྱ་རིགས་ཚན་རིག་པ་ཚོ་འགའ་ཤས་ཀྱིས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྣམས་རྒྱ་ནག་ལ་ལྐོག་ཏུ་མཁོ་སྤྲོད་བྱེད་པ་དང་རྒྱ་ནག་གི་གསང་ཉུལ་ཚོས་ཨ་མི་རི་ཀའི་སློབ་ཆེན་ཁག་གི་ཚན་རིག་ལག་རྩལ་གྱི་གསང་བའི་ཤེས་བྱ་རྣམས་སློབ་སྦྱོང་བྱས་ནས་རྐུ་འཁྱེར་བྱེད་པ་སོགས་འབྱུང་གི་ཡོད་པ་རེད།།

XS
SM
MD
LG