ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་འཇར་མན་ཎི་གཉིས་ཀྱི་འབྲེལ་བར་ལྟ་ཚུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ནས་ཨ་མི་རི་ཀ་དང་འཇར་མན་ཎིའི་འབྲེལ་བ་དམ་ཟབ་བྱུང་། ལྷག་པར་དུ་དམག་འཁྲུག་རྗེས་སུ་ཨ་མི་རི་ཀས་ལོ་ཤས་རིང་དུ་འཇར་མན་མི་དམངས་ལ་གནམ་གྲུ་འབའ་ཞིག་གི་ནང་དུ་སྐྱོབ་གསོ་མཁོ་འདྲེན་གྱིས་འཇར་མན་མི་དམངས་ཀྱི་འཚོ་བའི་དཀའ་ངལ་ཡོད་དོ་ཅོག་སེལ་ཐབས་བྱས་ཤིང་། འཇར་མན་ཎི་ཤར་ནུབ་གཉིས་སུ་དུམ་བུར་བཏང་བའི་རྗེས་སུ་ཨ་མི་རི་ཀས་ནུབ་འཇར་མན་ཎིའི་བདེ་འཇགས་སྲུང་སྐྱོབ་འགན་ལེན་བྱ་དགོས་བྱུང་ཡོད། དེར་བརྟེན་འདས་པའི་ལོ་བཅུ་ཕྲག་མང་པོར་འཇར་མན་ཎི་དང་ཨ་མི་རི་ཀ་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་དཔུང་པ་མཉམ་གཤིབ། རྒྱལ་སྤྱིའི་ཐོག་ཏུ་ཨ་མི་རི་ཀ་དང་འཇར་མན་ཎི་གཉིས་ལངས་ཕྱོགས་གཅིག་གྱུར་བྱས་ཏེ་ཨ་རིའི་སྲིད་གཞུང་སྔོན་མའི་དུས་སུ་སྲིད་འཛིན་ཨོ་བྷ་མ་འཇར་མན་ཎིར་འཚམས་འདྲིར་ཐེངས་བདུན་ལ་ཕེབས། དེང་སྐབས་འཇར་མན་ཎི་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་སོང་། འཇར་མན་མི་དམངས་རྣམས་ཨ་མི་རི་ཀའི་སྲིད་གཞུང་ལ་མི་དགའ་བའི་སྡང་ཟུག་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་རྣམ་པ་ཞིག་ཐོན་འདུག

ཨ་མི་རི་ཀའི་ཕིའུ་ཞིབ་འཇུག་ཁང་དང་འཇར་མན་ཎིའི་ཞིབ་འཇུག་ཁང་ཞིག་གིས་ཨ་མི་རི་ཀའི་མི་དམངས་དང་འཇར་མན་མི་དམངས་ལ་ཕྱོགས་གཉིས་ཀྱི་འབྲེལ་བར་ལྟ་ཚུལ་ཅི་ཞིག་ཡོད་མེད་འདྲི་ཞིབ་བྱས་འདུག ཨ་མི་རི་ཀ་བ་བརྒྱ་ཆ་༧༠་ཡས་མས་ཤིག་གིས་ཨ་མི་རི་ཀ་དང་འཇར་མན་ཎིའི་འབྲེལ་བ་བཟང་པོ་འདུག་ཅེས་ལན་འདེབས་བྱས་ཀྱང་འཇར་མན་མི་དམངས་བརྒྱ་ཆ་༧༣་གྱིས་ཨ་མི་རི་ཀ་དང་འཇར་མན་ཎིའི་འབྲེལ་བ་བཟང་པོ་མི་འདུག་ཅེས་ལན་འདེབས་ཡོད། འདི་ནི་༢༠༡༦་ལོར་འཇར་མན་པ་བརྒྱ་ཆ་༥༦་གིས་ཨ་མི་རི་ཀ་དང་འཇར་མན་ཎའི་འབྲེལ་བ་བཟང་པོ་མི་འདུག་ཅེས་ཞིབ་འཇུག་འདྲི་ཞིབ་ལ་ལན་འདེབས་བྱས་ཀྱང་༢༠༡༧་ལོར་འཇར་མན་མི་དམངས་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༧༣་གྱིས་ཨ་མི་རི་ཀ་དང་འཇར་མན་ཎིའི་འབྲེལ་བ་བཟང་པོ་མི་འདུག་ཅེས་ལན་འདེབས་བྱས་ཡོད་པ་དེ་ལ་བལྟས་ཚེ། འདས་པའི་ལོ་དེར་འཇར་མན་མི་དམངས་ཀྱི་གྲས་སུ་ཨ་མི་རི་ཀར་ལྟ་ཚུལ་ངན་པ་ཡོད་པ་བརྒྱ་ཆ་༡༧་ཇེ་མང་དུ་ཕྱིན་འདུག མདོར་ན་ཨ་མི་རི་ཀ་བ་དང་འཇར་མན་པ་ཚོར་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་ལ་ལྟ་ཚུལ་མི་མཐུན་པ་གནམ་ས་ལྟ་བུའི་ཁྱད་པར་ཞིག་མངོན།

ད་ལོའི་ཕྱི་ཟླ་༩་པར་ཨ་མི་རི་ཀའི་ཕིའུ་ཞིབ་འཇུག་ཁང་དང་འཇར་མན་ཎིའི་ཞིབ་འཇུག་ཁང་དེས་ཁ་པར་བཏང་ནས་ཨ་རི་བ་༡༠༠༦་དང་འཇར་མན་པ་༡༠༠༢་ལ་སྐད་ཆ་དྲིས། ཨ་མི་རི་ཀ་བ་དང་འཇར་མན་པ་ཚོ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་འགྱུར་སྟངས་ལ་ལྟ་ཚུལ་ཐ་དད་ཡིན་པར་མ་ཟད། ཕྱོགས་གཉིས་ཀྱི་ཕྱི་འབྲེལ་དང་རྩ་དོན་གནད་འགག་འཛིན་ཕྱོགས། ཐ་ན་ཨ་མི་རི་ཀ་དང་འཇར་མན་ཎི་གཉིས་མཉམ་འབྲེལ་བྱ་དགོས་མིན་ལའང་ལྟ་ཚུལ་མཐུན་གྱི་མེད་པ་དང་། ཨ་མི་རི་ཀ་བ་བརྒྱ་ཆ་༧༠་ལྷག་གིས་ཕྱོགས་གཉིས་མཉམ་འབྲེལ་བྱ་དགོས་ཟེར་གྱི་ཡོད་ཀྱང་འཇར་མན་པའི་གྲས་སུ་ཨ་མི་རི་ཀར་མཉམ་འབྲེལ་ཤུགས་ཆེ་ཙམ་བྱ་དགོས་ཞེས་ལན་འདེབས་བྱེད་མཁན་མི་མང་བརྒྱ་ཆ་༤༡་ལས་མེད་ཅིང་། ཕྱི་འབྲེལ་ལ་ཐུག་ན་འཇར་མན་པ་ཚོས་ཧྥ་རན་སི་གནད་འགག་ཆེ་ཤོས་ཨང་གཉིས་པར་བརྩིས་འདུག ཨ་མི་རི་ཀ་བ་ཚོས་དབྱིན་ཇི་དང་རྒྱ་ནག ཁེ་ན་ཌ་གསུམ་ཨང་དང་པོར་བརྩིས་ཏེ་འཇར་མན་ཎི་གནད་འགག་ཆེན་པོར་བརྩི་དགོས་ཀྱིན་འདུག་ཅེས་གླེང་སློང་བྱེད་མཁན་བརྒྱ་ཆ་༩་ལས་མེད་པ་རེད།

འཇར་མན་མི་དམངས་ཕལ་ཆེ་བར་འཇར་མན་ཎི་ཨ་མི་རི་ཀའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཤུགས་རྐྱེན་འོག་ནས་ཐར་དགོས་པའི་ལྟ་ཚུལ་ཡོད་ཀྱང་ཨ་མི་རི་ཀ་བ་ཕལ་ཆེ་བས་ཡུ་རོབ་ལ་ཕྱི་འབྲེལ་སྲིད་ཇུས་དམ་ཟབ་འཛིན་དགོས་པའི་ལྟ་ཚུལ་བརྗོད། དེང་སྐབས་ཨ་མི་རི་ཀ་དང་འཇར་མན་ཎིའི་འབྲེལ་བ་བཟང་པོ་མེད་པའི་འགག་རྩ་གཙོ་བོ་ཞིག་ནི་ཕྱོགས་གཉིས་ཀྱི་འགོ་ཁྲིད་རྣམ་པའི་འབྲེལ་བ་བཟང་པོ་མེད་པ་སྟེ། དཔེར་ན་སི་རི་ཡའི་སྐྱབས་བཅོལ་བའི་གནད་དོན་ཐོག་ཏུ་འཇར་མན་ཎིའི་སྲིད་བློན་ཨན་ཀི་ལ་མར་ཁེལ་གྱིས་ང་ཨུ་རུ་སུའི་དབང་སྒྱུར་འོག་ཏུ་ཤར་འཇར་མན་ཎིར་འཚར་ལོངས་བྱུང་བ་ཡིན། སྐྱབས་བཅོལ་བའི་དཀའ་ངལ་རྣམས་ངས་གསལ་བོ་ཤེས་ཀྱིན་ཡོད་ཅེས་སྲིད་འཛིན་ཌོ་ནལ་ཊམ་ལ་དགག་པ་བརྒྱབ་མྱོང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་འཇར་མན་ཎིས་ཨུ་རུ་སུ་ནས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ནང་འདྲེན་བྱས་ནས་ཨ་མི་རི་ཀའི་ཚོང་ལས་བཀག་སྡོམ་ལ་བརྩི་མེད་གཏོང་གི་འདུག འཇར་མན་ཎི་ཨུ་རུ་སུའི་བཀོད་ཇུས་འོག་ཏུ་ཚུད་འདུག་ཅེས་སྐྱོན་བརྗོད་བྱས་ཏེ་མ་འོངས་པར་ཨུ་རུ་སུ་དང་འཇར་མན་ཎིས་དམག་འཁྲུག་བརྒྱབ་ན་ཨ་མི་རི་ཀས་འཇར་མན་ཎིར་སྲུང་སྐྱོབ་བྱ་དགོས་མིན་ཐེ་ཚོམ་བྱ་དགོས་ཀྱིན་འདུག་ཅེས་ཁ་རྡུང་བཏང་། ཡིན་ནའང་ཨ་མི་རི་ཀ་བ་དང་འཇར་མན་པ་ཚང་མར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་གནད་འགག་ཆེན་པོ་ཡིན་པ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་པ། ཨ་མི་རི་ཀ་དང་འཇར་མན་ཎི་གཉིས་ཀྱིས་རང་དབང་ཚོང་ལས་གཉེར་གྱི་ཡོད་པར་ཁེ་ཕན་ཡོད་པ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་ཕྱོགས་གཉིས་ཀས་འགྲོ་གྲོན་གཏོང་གི་ཡོད་པར་དགེ་མཚན་ཡོད་པའི་ལྟ་ཚུལ་གཅིག་མཚུངས་བྱུང་འདུག

XS
SM
MD
LG