ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡས་རྒྱལ་སྤྱིར་འཛིན་པའི་དཔལ་འབྱོར་སྲིད་ཇུས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ད་ལོའི་སྤྱི་ཟླ་༤་པ་ནས་བཟུང་སྟེ་བྱང་ཀོ་རི་ཡ་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་རྣམ་པ་དེར་འགྱུར་བ་ཐེབས། ཀོ་རི་ཡ་ཕྱེད་གླིང་གི་རྩོད་རྙོག་རྣམས་ཞི་འཇགས་གཏོང་ཐབས་དང་རིམ་བཞིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ཕྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་མཇལ་འཕྲད་བྱུང་ཞིང་། ད་ལྟ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྟེང་དུ་བྱང་ཀོ་རི་ཡའི་སྐུ་ཚབ་ཚོགས་པ་ཞིག་ཐེངས་དང་པོར་མཉམ་ཞུགས་ཀྱིས་བྱང་ཀོ་རི་ཡར་འཛམ་གླིང་རྒྱལ་ཁབ་ཁག་གིས་མ་རྩ་བཙུགས་ན་ཚོང་ལས་ཀྱི་གོ་སྐབས་བསྐྲུན་རྒྱུ་ཡིན་ཞེས་བརྗོད་འདུག

གཟའ་འཁོར་སྔོན་མར་རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་ཀོང་ཀྲུག་ཏུ་ཚོགས་པའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལྷན་ཚོགས་ཐེངས་༡༥་པའི་སྟེང་དུ་བྱང་ཀོ་རི་ཡའི་གཞུང་འབྲེལ་སྐུ་ཚབ་ཚོགས་པ་ཞིག་མཉམ་ཞུགས་ཀྱིས་ཁ་སང་ཕྱི་ཚེས་༢༥་སྟེ། གཟའ་ཉི་མའི་ཕྱི་དྲོར་བྱང་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་དེ་དག་གིས་ཟུར་ཚོགས་འདུ་འཛོམས་ཤིག་བསྐོངས་ནས་བྱང་ཀོ་རི་ཡའི་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ལ་མ་རྩ་འཛུགས་འཇོག་དང་ཚོང་ལས་མཉམ་གཉེར་གྱི་ཁྲོམ་ར་སྒོ་ཕྱེ་ནས་གོ་སྐབས་སྟེར་རྒྱུ་ཡིན། མ་རྩ་འཛུགས་མཁན་ཚོའི་མངོན་འདོད་བསྐང་རྒྱུ་དང་རྒྱལ་ཁབ་གཞན་གྱི་དཔལ་འབྱོར་ལམ་ལུགས་ལ་བྱང་ཀོ་རི་ཡས་མིག་དཔེ་བལྟ་ཐབས་བྱ་འཆར་ཡོད་ཅེས་བསྒྲགས།

རྒྱ་ནག་ལྷོ་ཕྱོགས་ཕོ་ཉས་གནས་ཚུལ་སྤེལ་བ་ལྟར་ན་སྤྱི་ལོ་༢༠༡༨་ལོར་ཀོ་རི་ཡའི་ཕྱེད་གླིང་གི་རྩོད་རྙོག་ཞི་འཇགས་སུ་སོང་སྟེ་བྱང་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཞུགས་པའི་སྒོ་མོ་ཕྱེ་ཡོད་ཅིང་། བྱང་ཀོ་རི་ཡས་ཕྱི་ལ་འབྲེལ་ལམ་འཛུགས་འདོད་ཀྱི་རྣམ་འགྱུར་བསྟན་པའི་རྗེས་སུ་ཐེངས་འདིར་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་མཉམ་ཞུགས་བགྲོ་གླེང་བྱས་པ་ནི་བྱང་ཀོ་རི་ཡའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་གོམ་སྟབས་གསར་པ་ཞིག་མདུན་སྤོ་བྱུང་བ་རེད་ཅེས་བཀོད།

སྤྱི་ཟླ་༤་པའི་ནང་དུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱ་རྒྱུ་མཚམས་འཇོག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་ལ་ནུས་པ་འདོན་རྒྱུ་ཡིན་ཞེས་བཤད་པར་བརྟེན། ལྷོ་བྱང་ཀོ་རི་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་སོང་། དེ་ནས་ཕྱི་ཟླ་༦་ཚེས་༡༢་ཉིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་དུ་ཐུག་འཕྲད་བྱུང་བ་དང་། དེའི་སྔོན་ལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་བྱས་ནས་བྱང་ཀོ་རི་ཡའི་གནས་བབ་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད།

བྱང་ཀོ་རི་ཡའི་གཞུང་འབྲེལ་སྐུ་ཚབ་ཚོགས་པའི་འགོ་ཁྲིད་ཚོས་བརྗོད་དོན། “ ང་ཚོས་མུ་མཐུད་དུ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཁག་ལ་མཉམ་ཞུགས་ཀྱི་གོ་སྐབས་མཆིས་སོ་ཅོག་ལེན་ཐབས་བྱ་འཆར་ཡོད། དེ་ལྟར་བྱུང་ན་ད་གཟོད་ང་ཚོས་བྱང་ཀོ་རི་ཡའི་དཔལ་འབྱོར་འཕེལ་རྒྱས་དང་མ་རྩ་འཛུགས་འཇོག་གི་ཁྲོམ་ར་གང་འདྲ་ཡོད་མེད་རྒྱལ་སྤྱིའི་ཐོག་ཏུ་ངོ་སྤྲོད་མང་ཙམ་བྱ་ཐུབ་པའི་གོ་སྐབས་ཡོད་ཅེས་རྒྱལ་སྤྱིའི་རྒྱལ་ཁབ་སྣ་མང་གི་དཔལ་འབྱོར་ལས་དོན་དང་འབྲེལ་ཞིང་། མ་རྩ་འཛུགས་མཁན་རྣམས་ཀྱི་འདུ་འཛོམས་ཐོག་ཏུ་བརྗོད་འདུག

བྱང་ཀོ་རི་ཡས་ཕྱིའི་རྒྱལ་ཁབ་ཁག་ལ་མ་རྩ་འཛུགས་འཇོག་གི་གོ་སྐབས་བསྐྲུན་རྒྱུ་ནི་བྱང་ཀོ་རི་ཡའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ངེས་པར་དུ་མཁོ་བའི་མཐུན་རྐྱེན་གལ་འགངས་ཆེ་ཤོས་དང་ཨང་དང་པོ་ཡིན་ཞིང་། གཞན་ཡང་སྐུ་ཚབ་ཚོགས་པ་དེས་རྒྱ་ནག་གི་སྒྱུར་བཅོས་སྒོ་འབྱེད་དང་ད་ལྟ་རྒྱ་ནག་གིས་རྒྱལ་སྤྱིའི་དཔལ་འབྱོར་གྱི་ཁོར་ཡུག་ཁྲོད་དུ་གནས་བབ་གལ་གནད་ཆེན་པོ་ཞིག་བཟུང་ཡོད་པ་སོགས་ནི་བྱང་ཀོ་རི་ཡས་མིག་དཔེར་བལྟ་འོས་པ་ཞིག་ཡིན་ཚུལ། ང་ཚོས་རྒྱ་ནག་ལ་མཉམ་འབྲེལ་ཚོང་གཉེར་རྒྱུའི་འདུན་པ་ཆེན་པོ་ཡོད་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG