ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་དཀར་ནག་གི་ས་མཚམས་གྲོས་མོལ་ཐེངས་༢༡་པ།


༄༅།།རྒྱ་དཀར་ནག་གི་ས་མཚམས་གྲོས་མོལ་ཐེངས་༢༡་པ་དེ་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་གྱི་ཏུའུ་ཅན་དབྱང་གྲོང་ཁྱེར་དུ་བྱས་ཡོད་པ་དང་། ཕྱི་ཟླ་༡༡་ཚེས་༢༦་ཉིན་ཧོང་ཀོང་གི་ཏ་གུང་པའོ་ཚགས་པར་གྱི་གསར་འགོད་པས་རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་ལྷོ་ཤར་ཨེ་ཤི་ཡའི་ཉམས་ཞིབ་པ་ཤུ་ལི་ཕིང་ལ་རྒྱ་དཀར་ནག་གི་ས་མཚམས་གྲོས་མོལ་གྱི་གནད་འགག་སོགས་ལ་བཅར་འདྲི་ཞུས་པའི་གསར་འགྱུར་ཞིག་སྤེལ་འདུག

ཤུ་ལི་ཕིང་གིས་རྒྱ་དཀར་ནག་གི་ས་མཚམས་གྲོས་མོལ་ཐེངས་༢༡་པའི་སྐབས་སུ་གྲོས་མཐུན་དོན་ཚན་༦་བྱུང་འདུག གྲོས་མཐུན་དོན་ཚན་༦་གི་ནང་གི་དོན་ཚན་གསུམ་གནད་དོན་ཆེན་པོ་ཞིག་རེད་ཅེས་བསྟན་ཡོད་པ་སྟེ། རྒྱ་དཀར་ནག་གཉིས་དཔུང་པ་མཉམ་གཤིབ་བྱས་ནས་ཕྱོགས་གཉིས་ཀྱི་ས་མཚམས་སུ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ། ས་མཚམས་ཀྱི་རྩོད་གཞི་བརྒྱུད་ནས་རྒྱ་དཀར་ནག་གཉིས་ཀས་ཕན་ཚུན་ཡིད་ཆེས་བསྐྲུན་རྒྱུ། རྒྱ་དཀར་ནག་གཉིས་ཀས་རྩོད་གཞི་ཁག་ཟུར་དུ་བཞག་ནས་ཐུན་མོང་གི་མཉམ་འབྲེལ་ལ་ཤུགས་སྣོན་རྒྱག་དགོས་པའི་གྲོས་མཐུན་བྱུང་འདུག་ཅེས་བསྟན། རྒྱ་ནག་གི་ཕྱི་འབྲེལ་སློབ་ཆེན་གྱི་སློབ་དཔོན་ཀྲུག་ཡུང་ཧྲེང་གིས་རྒྱ་དཀར་ནག་གི་ས་མཚམས་གྲོས་མོལ་ཐེངས་༢༡་པའི་སྐབས་སུ་དོན་དག་ཆེན་པོ་གཉིས་གྲུབ་འདུག་ཅེས་བསྟན་ཡོད་པ་སྟེ། རྒྱ་དཀར་ནག་གཉིས་ཀས་ས་མཚམས་ཀྱི་གནས་བབ་རང་སོར་བཞག་ནས་འཁྲུག་རྩོད་སློང་རྒྱུ་གཡོལ་ཐབས་བྱ་དགོས། རྒྱ་དཀར་ནག་གཉིས་ཀས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་གཉིས་ཀྱི་ས་མཚམས་ཁག་གི་མི་མང་ལ་འབྲེལ་བ་བྱེད་དུ་འཇུག་དགོས་ཞེས་བཀོད་ཡོད་པ་ནི་གནད་འགག་ཆེན་པོ་རེད་ཅེས་བཤད། པེ་ཅིང་གི་དམག་དོན་ཉམས་ཞིབ་མཁས་པ་སྐད་གྲགས་ཅན་ལིའུ་ཅང་ཕིང་གིས་ཏ་གུང་པའོ་ཚགས་པར་ལ་རྒྱ་དཀར་ནག་གི་ས་མཚམས་གྲོས་མོལ་གྱིས་ཕྱོགས་གཉིས་ཀར་ས་མཚམས་ཀྱི་ཚོང་ལས་རྒྱ་ཆེ་རུ་གཏོང་རྒྱུའི་འདུན་པ་ཡོད་པ་མཚོན་ཐུབ། དེང་སྐབས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་བཟང་པོ་མེད་པས་རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་གནད་འགག་ཆེན་པོ་ཡིན། རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་འགྲོ་རྒྱུའི་རེ་ལྟོས་ཆེན་པོ་འདུག་ཅེས་བཤད།

ཁ་སྔོན་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཨ་ཇིཏ་ཌོ་ཝྭལ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་གཉིས་ཀྱིས་རྒྱ་དཀར་ནག་གི་ས་མཚམས་གྲོས་མོལ་ཐེངས་༢༡་པ་བྱས་པར་མ་ཟད། ད་ལོའི་ཕྱི་ཟླ་༤་པར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་ཐུག་འཕྲད་གྲོས་མོལ་བྱས་པའི་གྲུབ་འབྲས་ལ་བསྐྱར་ཞིབ་ཀྱིས་ཌོ་ཝྭལ་དང་ཝང་དབྱི་གཉིས་རྒྱ་དཀར་ནག་གི་ས་མཚམས་གྲོས་མོལ་གྱི་དམིགས་བསལ་སྐུ་ཚབ་ཀྱང་ཡིན་ཞིང་། འདི་ནི་ལོ་སྟོད་འདིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊིའི་ཚབ་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པར་བསྐོ་བཞག་བྱས་པའི་རྗེས་སུ་རྒྱ་དཀར་ནག་གི་ས་མཚམས་གྲོས་མོལ་བྱས་པ་ཐེངས་དང་པོ་ཡིན་པ་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་གེང་ཧྲྭང་གིས་རྒྱ་དཀར་ནག་གཉིས་ལ་མི་མཐུན་པའི་འགལ་ཟླ་དང་རྩོད་གཞི་ཡོད་པ་རྣམས་གྲོས་བསྡུར་དང་ཕན་ཚུན་འབྲེལ་གཏུགས་བྱས་ནས་སྟངས་འཛིན་གང་ལེགས་ཐུབ་ཡོད། ད་ལྟ་རྒྱ་དཀར་ནག་གི་ས་མཚམས་ཁག་ལ་ཞི་བདེ་བརྟན་ལྷིང་བྱུང་ཡོད་ཅེས་བཤད་འདུག

རྒྱ་དཀར་ནག་གི་དམིགས་བསལ་སྐུ་ཚབ་རྣམ་པའི་ས་མཚམས་གྲོས་མོལ་ལ་ཕྱོགས་གཉིས་ཀས་གཙིགས་སུ་འཛིན་གྱི་ཡོད་པ་སྟེ། བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གཉིས་སྤྱི་ལེ་༣༤༨༨་ཀྱི་ས་མཚམས་འདྲེས་ཏེ་ས་མཚམས་ཀྱི་རྩོད་གཞི་ཁག་གིས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་འགལ་རྐྱེན་དུ་གྱུར། ད་དུང་རྒྱ་ནག་གིས་དེང་སྐབས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་ཟེར་པའི་ས་ཆ་ཡོངས་རྫོགས་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་རྩོད་པ་རྒྱག་གི་ཡོད་ཅིང་། སྔ་ལོ་རྒྱ་དཀར་ནག་གི་དམག་དཔུང་རྣམས་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་དམག་གསོག་བརྒྱབ་ནས་དམག་འཁྲུག་གི་ཉེན་ཀ་བྱུང་བའི་སྐབས་སུའང་ཌོ་ཝྭལ་དང་དབྱང་ཅེ་ཊི་གཉིས་ཀས་ལྡི་ལི་གསར་པར་རྒྱ་དཀར་ནག་གི་ས་མཚམས་ལ་གྲོས་མོལ་ཐེངས་༢༠་པ་བྱས་འདུག ཟླ་བ་འདིའི་ཚེས་༡༣་ཉིན་རྒྱ་དཀར་ནག་གཉིས་ཀྱི་དམག་དོན་མི་སྣ་ཚོས་ཀྱང་ལོ་རེའི་གྲོས་མོལ་ཐེངས་༩་པ་བྱས་ཏེ་ཕྱོགས་གཉིས་ཀྱི་རྒྱལ་སྲུང་གི་འབྲེལ་བ་དང་དམག་དོན་མི་སྣའི་འབྲེལ་གཏུགས་མང་དུ་གཏོང་དགོས་པའི་གྲོས་མཐུན་བྱུང་འདུག

XS
SM
MD
LG