ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱལ་ཞེན་གྱི་ལྟ་བ་དང་ཚོང་ར་ནས་ཕྱིར་ཕུད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཌི་དང་རྗི་ཞེས་པའི་གྱོན་ཆས་དང་དྲི་ཞིམ་གཏོར་ཆུ་སོགས་ཀྱི་ཐོན་རྫས་སྐད་གྲགས་ཅན་གྱི་ལས་རྟགས་བརྒྱབ་པའི་བཟོ་ཚོང་ལས་ཁང་ཞིག་གི་ཁྱབ་བསྒྲགས་བརྙན་ཐུང་ཞིག་ལ་རྒྱ་ནག་པ་ཚོས་ངོ་རྒོལ་བྱས་ཡོད་པ་སྟེ། ཁྱབ་བསྒྲགས་བརྙན་ཐུང་ནང་དུ་རྒྱ་ནག་པ་ཚོར་མཐོང་ཆུང་གི་གླེང་སློང་བྱུང་ཡོད་པས་རིམ་བཞིན་རྒྱལ་ཞེན་གྱི་ལྟ་བའི་ཁ་གཡང་བསྒྲགས་པའི་ཤུགས་རྐྱེན་འོག་ཏུ་ཌི་དང་རྗི་གྱོན་ཆས་ཁྱབ་བསྒྲགས་ཀྱི་དུས་སྟོན་ཆེན་མོར་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་ཚོ་མཉམ་ཞུགས་བྱ་རྒྱུ་མིན་པ་གསལ་བསྒྲགས་སྤེལ་བས་མཐར་བཟོ་ཚོང་ཁང་དེའི་གྱོན་ཆས་ཁྱབ་བསྒྲགས་དུས་སྟོན་ཕྱིར་འཐེན་བྱ་དགོས་བྱུང་འདུག་པར་མ་ཟད། རྒྱ་ནག་གི་སྤྱི་ཚོགས་སུ་བཟོ་ཚོང་ཁང་དེའི་ལས་རྟགས་བརྒྱབ་པའི་གྱོན་ཆས་རྣམས་མེར་བསྲེགས་པ་དང་གད་སྙིགས་ཁྲོད་དུ་གཡུགས་པ་སོགས་ཀྱི་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། བཟོ་ཚོང་ཁང་དེའི་ཐོན་རྫས་༥༨༠༠༠་ཙམ་ཨ་ལི་བྷ་བྷ་གཙོས་དྲྭ་ལམ་བཟོ་ཚོང་ཁང་ཁག་གིས་ཕྱིར་བསྡུ་བྱས་ཏེ་ཚོང་འགྲེམ་བྱ་རྒྱུ་བཀག་ཡོད་པ་རེད།

རྒྱ་ནག་ནང་དུ་རྒྱལ་ཞེན་ཁ་གཡང་དང་མི་རིགས་རིང་ལུགས་ཀྱི་ལྟ་བ་བསྒྲགས་ཏེ་ཚོང་ར་དང་སྒྱུ་རྩལ་ལས་རིགས་ཀྱི་ཁྱབ་ཁོངས་ཡོངས་ལ་ཐེ་གཏོགས་བྱེད་མཁན་ཇེ་མང་དུ་འགྱུར། དཔེར་ན་ཐེ་ཝན་གྱི་གློག་བརྙན་དུས་སྟོན་སྟེང་དུ་ཐེ་ཝན་གྱི་རང་དབང་དང་དམངས་གཙོའི་སྐོར་ལ་སྐད་ཆ་བཤད་མཁན་ཚོ་རྒྱ་ནག་ལ་ཡོང་མི་ཆོག་ཅེས་བཀག་སྟེ་གློག་བརྙན་སོགས་ཀྱི་བརྩམས་ཆོས་རྣམས་རྒྱ་ནག་ལ་བཀག་སྡོམ་བྱ་དགོས་ཞེས་བཤད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ལྷག་པར་དུ་རྒྱ་ནག་གི་གློག་བརྙན་ལས་དོན་གྱི་མི་སྣ་ཚོ་ཐེ་ཝན་གྱི་གློག་བརྙན་དུས་སྟོན་ཁག་ལ་མཉམ་ཞུགས་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་དགོས་ འདུན་འདོན་མཁན་འབྱུང་བཞིན་མཆིས།

དབྱེ་ཞིབ་པ་ཚོས་འདས་པའི་ལོ་ཁ་ཤས་རིང་ལ་རྒྱ་ནག་གི་ནང་དུ་དྲྭ་ལམ་དུ་རྒྱལ་ཞེན་གྱི་ལྟ་བའི་ཁ་གཡང་བསྒྲགས་པའམ། ཡང་ན་གཞུང་དང་ལྟ་བ་མི་མཐུན་པའི་མི་དང་ལྟ་བ་སོགས་ལ་ངོ་རྒོལ་བྱེད་མཁན་ཆེད་ལས་པ་སྐྱེད་སྲིང་བྱེད་བཞིན་ཡོད་པའི་ཚོད་དཔག་བྱེད་མཁན་འདུག་ལ། དེ་ལྟའི་མི་ཚོས་དྲྭ་ལམ་དུ་རྒྱལ་ཞེན་གྱི་ཁ་གཡང་བསྒྲགས་རྗེས་གནས་ཚུལ་གསལ་བོ་རྒྱུས་ལོན་མེད་པའི་རྒྱལ་ཞེན་ཅན་ཚོར་སྐུལ་སློང་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་གློག་བརྙན་འཁྲབ་མཁན་ཚོར་རྗེས་འབྲང་བ་ས་ཡ་མང་པོ་ཡོད་པ་དེ་དག་གིས་རྒྱལ་ཞེན་གྱི་ལྟ་བ་མངོན་གསལ་དོད་པོར་སྟོན་དགོས་པའི་གནོན་ཤུགས་ཆེན་པོ་སྤྲོད།

དེ་བཞིན་འདས་པའི་ལོ་ཤས་རིང་ལ་ཐེངས་འདིར་བྱུང་བ་ལྟར་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་སྐད་གྲགས་ཅན་ཁག་ལ་རྒྱ་རིགས་དྲྭ་དམངས་ཀྱིས་ཁ་རུབ་བརྒྱབ་ནས་ཚིག་མཚོན་འདེབས་པ་དང་མཉམ་འབྲེལ་ངོ་རྒོལ་བྱས་པ་ཐེངས་མང་བྱུང་འདུག དཔེ་མཚོན་ཞིག་བཀོད་ན་འཛམ་གླིང་གི་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་ཚོས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏ་ལའི་བླ་མ་མཆོག་ལ་མཇལ་ཁ་ཞུས་ན་མི་དེ་དག་གི་གློག་བརྙན་དང་གླུ་གཞས་སོགས་རྒྱ་ནག་ལ་འགྲེམ་སྤེལ་བྱེད་མི་ཆོག་པའི་བཀག་སྡོམ་བྱ་དགོས་ཞེས་དྲྭ་ལམ་དུ་མང་ཚོགས་ལ་སྐུལ་སློང་བྱེད་མཁན་འབྱུང་བཞིན་ཡོད། སྐུལ་སློང་བ་དེ་དག་གི་རྗེས་སུ་རྒྱུག་མཁན་རྒྱ་ནག་པ་ས་ཡ་མང་པོ་ཡོད་པས་རྒྱ་ནག་ནང་དུ་ངོ་དེབ་དང་ཨིན་སི་ཊི་གྷ་རམ་སོགས་བཀག་སྡོམ་བྱས་ཀྱང་ཕྱི་རྒྱལ་གྱི་དྲྭ་ལམ་ཁག་ཏུ་སྤྱི་སྒེར་ཀུན་ལ་ངོ་རྒོལ་བྱེད་མཁན་རྒྱ་ནག་གཅིག་པུར་དྲྭ་བྱང་ས་ཡ་མང་པོ་འདུག འདི་ནི་རྒྱ་ནག་གཞུང་གིས་དྲྭ་ལམ་དུ་རྒྱལ་ཞེན་གྱི་ལྟ་བ་སློང་མཁན་ཆེད་ལས་མི་སྣ་སྐྱེད་སྲིང་དང་གོ་སྒྲིག་བྱེད་བཞིན་པའི་མཚོན་རྟགས་ཤིག་ཏུ་ངོས་འཛིན་བྱེད་ཆོག་གི་ཡོད་པ་རེད།།

XS
SM
MD
LG