ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཁྱིའི་བཤས་ར་སྒོ་བརྒྱབ་པ།


༄༅།། ལྷོ་ཀོ་རི་ཡའི་གཞུང་གིས་རྒྱལ་ཁབ་དེའི་ཁྱིའི་བཤས་ར་ཆེ་ཤོས་དེ་རྩ་གཏོར་གཏོང་རྒྱུ་འགོ་ཚུགས་ནས་བཤས་རའི་ཤུལ་དེར་མི་དམངས་སྤྱི་གླིང་ཞིག་འཛུགས་སྐྲུན་བྱ་འཆར་ཡོད་ཅེས་བསྒྲགས། ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ཆགས་པའི་ཐེ་པུང་ཏོང་བཤས་ར་ཆེན་མོ་ཉི་མ་གཉིས་ཀྱི་ནང་ཚུད་དུ་སྒོ་བརྒྱབ་ཚར་དགོས། བཤས་རའི་ཤུལ་དེར་མི་དམངས་སྤྱི་གླིང་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་ཐག་བཅད། ལོ་ལྟར་བཤས་ར་དེར་ཁྱི་ས་ཡ་གཅིག་ཡས་མས་རེ་བཤས་ནས་ལྷོ་ཀོ་རི་ཡའི་ཤ་ཁྲོམ་དུ་ཁྱི་ཤ་འཚོང་གི་ཡོད་ཅིང་། སྔ་མོ་ནས་ཀོ་རི་ཡའི་མི་རིགས་ལ་ཁྱི་ཤ་ནི་ཟས་མཆོག་ཅིག་ཏུ་བརྩི་བའི་ལུགས་སྲོལ་ཞིག་འཇགས་ཀྱང་རི་སྐྱེས་སྲོག་ཆགས་དང་དུད་འགྲོའི་ཐོབ་ཐང་སྲུང་སྐྱོབ་པ་ཚོས་ངོ་རྒོལ་བྱས་ནས་ལས་འགུལ་ཡུན་རིང་སྤེལ་བའི་སྟབས་ཀྱིས་ལྷོ་ཀོ་རི་ཡའི་སྤྱི་ཚོགས་སུ་ཁྱི་ནི་མིའི་བློ་ཐག་ཉེ་བའི་གྲོགས་པོ་དང་ཁྱིམ་ཚང་གི་གཅེས་ཟོག་ཅིག་ཡིན་པ་ལས། བཤས་རའི་ནང་དུ་གདུག་རྩུབ་ཆེན་པོས་དམར་གསོད་བྱས་ཏེ་ཤ་ཚོང་བྱ་རྒྱུ་ཞིག་མིན། ཁྱི་ཤ་འཚོང་བ་དང་ཁྱི་ཤ་ལོངས་སུ་སྤྱོད་པ་ནི་ཀླ་ཀློའི་འཚོ་བ་རོལ་སྟངས་ཤིག་རེད་ཅེས་ལྷོ་ཀོ་རི་ཡའི་མི་དམངས་ཀྱི་འདུ་ཤེས་འཛིན་སྟངས་ལ་འགྱུར་བ་ཐེབས་བཞིན་འདུག

ལྷོ་ཀོ་རི་ཡའི་དུད་འགྲོའི་ཐོབ་ཐང་དོན་གཉེར་བ་ཚོས་ཐེ་པུང་ཏོང་ཁྱིའི་བཤས་ར་ཆེན་མོ་སྒོ་རྒྱག་དགོས་པའི་ཐག་གཅོད་བྱུང་བ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་ཁ་ཞིག་ཡིན། ད་ནི་ལྷོ་ཀོ་རི་ཡ་རྒྱལ་ཡོངས་སུ་ཁྱིའི་བཤས་ར་བརྒྱ་ཕྲག་མང་པོ་ཡོད་པ་རྣམས་སྒོ་རྒྱག་དགོས་ཐུག་རྒྱུའི་འགོ་ཚུགས་སོང་། ཁྱི་ཤའི་ཚོང་ལས་དེ་ཉིད་མེད་པར་གཏོང་རྒྱུ་མགོ་བརྩམས་པ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཐེ་པུང་ཏོང་བཤས་ར་ཆེན་མོར་ཉུང་མཐར་ཡང་ཁྱི་བཤའ་ས་༦་ཡོད་པ་དེ་དག་གི་ནང་དུ་ཁྱི་བརྒྱ་ཕྲག་འགའ་རེ་ཉར་འཛིན་བྱས་ནས་ཁྲོམ་རའི་དགོས་མཁོ་ལྟར་ཁྱི་བཤས་ནས་ཁྱི་ཤ་འཚོང་། ལྷོ་ཀོ་རི་ཡ་རྒྱལ་ཡོངས་ཀྱི་ཟ་ཁང་ཁག་གི་ཁྱི་ཤའི་འབྱུང་ཁུངས་གཙོ་བོ་ཞིག་ཐེ་པུང་ཏོང་བཤས་ར་ཡིན་ཞིང་། ལྷོ་ཀོ་རི་ཡའི་དུད་འགྲོའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་དང་རྒྱལ་སྤྱིའི་དུད་འགྲོའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་མཉམ་འབྲེལ་གྱིས་ཐེ་པུང་ཏོང་བཤས་ར་ཆེན་མོར་ཁྱི་ལ་གློག་བཏང་ནས་གསོད་པ་དང་གྲི་སྣུན་ནས་གསོད་པ། ཁྱི་སྤུ་མེར་སྲེག་གཏོང་བར་ཁྱི་རྣམས་གསོན་སྲེག་བྱས་ནས་གདུག་རྩུབ་ཆེན་པོས་གསོད་སྟངས་རྣམས་བརྙན་གཟུགས་བླངས་ནས་ཐེར་འདོན་བྱས་འདུག

ན་ར་ཀིམ་ཞེས་པ་ཞིག་གིས་ཁྱིའི་བཤས་ར་ནི་སེང་ནམ་གྲོང་ཁྱེར་གྱི་ཉེས་སྐྱོན་ཆེན་པོ་ཞིག་ཡིན་པ་དང་ཐེ་པུང་ཏོང་བཤས་ར་ཆེན་པོ་སྒོ་རྒྱག་དགོས་པའི་ཐག་གཅོད་བྱས་པར་དགའ་ཚོར་བྱུང་། འདི་ནི་ལྷོ་ཀོ་རི་ཡའི་ཁྱི་ཤའི་ཚོང་ལས་རྩ་མེད་གཏོང་བར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་ཁ་ཞིག་འཐོབ་རྒྱུ་འགོ་ཚུགས་པ་ཡིན་པར་མ་ཟད། ཀོ་རི་ཡའི་སྤྱི་ཚོགས་སུ་ཁྱི་ཤའི་ཚོང་ལས་ལ་དགའ་མོས་མེད་པའི་རྣམ་འགྱུར་ཡང་གསལ་བོར་བསྟན་པ་རེད་ཅེས་བཤད། ལོ་ལྟར་དབྱར་དུས་ལྷོ་ཀོ་རི་ཡ་རྒྱལ་ཡོངས་སུ་ཉི་མ་གསུམ་ལ་ཁྱི་ཤའི་ཟས་རིགས་ཀྱི་དུས་སྟོན་རེ་འཚོགས་སྲོལ་ཡོད་ཅིང་། དུས་སྟོན་དེའི་ཆེད་དུ་ལྷོ་ཀོ་རི་ཡ་རྒྱལ་ཡོངས་སུ་ཁྱི་ཁྲི་ཚོ་མང་པོ་བཤས་ནས་ཁྱི་ཤའི་ཟས་རིགས་དང་ཁྱི་ཤའི་རུས་ཁུ་འཚོང་གི་ཡོད་རུང་། ད་ལྟ་ལྷོ་ཀོ་རི་ཡའི་མི་དམངས་ཀྱི་འདུ་ཤེས་འཛིན་སྟངས་ལ་འགྱུར་བ་ཐེབས་ཏེ་ཁྱི་ཤ་ཟ་མཁན་དང་ཁྱི་ཤའི་ཟ་ཁང་ཁག་ཉུང་དུ་འགྲོ་བཞིན་ཡོད་པ་སྟེ། སྔོན་ཆད་ལྷོ་ཀོ་རི་ཡའི་རྒྱལ་ས་གཅིག་པུར་ཁྱི་ཤའི་ཟ་ཁང་༡༥༠༠་ལྷག་ཡོད་ཀྱང་༢༠༡༥་མཚམས་སུ་ཁྱི་ཤའི་ཟ་ཁང་༧༠༠་ལས་མེད་ཅིང་། ལྷོ་ཀོ་རི་ཡའི་མི་འབོར་ལྔ་ཆའི་གཅིག་གིས་ཁྱི་རྣམས་གཅེས་ཕྲུག་ལྟར་རང་ཁྱིམ་དུ་ཉར་འཛིན་བྱེད་ཀྱི་ཡོད་ཀྱང་རྒྱལ་ཁབ་དེར་ཁྱི་ཤ་འཚོང་ཆོག་མིན་གྱི་བཅའ་ཁྲིམས་གསལ་བོ་ཞིག་གཏན་འབེབས་བྱུང་མེད་པས་ལྷོ་ཀོ་རི་ཡའི་ཟ་ཁང་ཁག་ཏུ་ཁྱི་ཤའི་ཟས་རིགས་གཏན་ནས་འཚོང་མི་ཆོག་པ་ཞིག་ཏུ་བསྒྱུར་ཐུབ་ཀྱི་མེད་པ་རེད།

ཁྱི་ཤ་འཚོང་བ་དང་ཁྱི་ཤའི་ཟས་རིགས་ཀྱི་དུས་སྟོན་ཚུགས་ས་ནི་ལྷོ་ཀོ་རི་ཡ་གཅིག་པུ་མིན། དཔེར་ན་རྒྱ་ནག་གི་དབྱི་ལི་གྲོང་རྡལ་དུ་ལོ་ལྟར་ཉིན་བཅུའི་རིང་ལ་ཁྱི་ཤའི་ཟས་རིགས་ཀྱི་དུས་སྟོན་འཚོགས་ཀྱི་ཡོད་པས་༢༠༡༨་ལོའི་དབྱི་ལིའི་ཁྱི་ཤའི་ཟས་རིགས་ཀྱི་དུས་སྟོན་སྐབས་སུ་ཁྱི་ཁྲི་ཚོ་༡་ལྷག་བཤས་ནས་ཁྱི་ཤ་བཙོངས་འདུག རྒྱ་ནག་དང་ཝི་ཏེ་ནམ། ལྷོ་ཀོ་རི་ཡ་བཅས་ཨེ་ཤི་ཡའི་རྒྱལ་ཁབ་དེ་དག་གི་བཤས་ར་ཁག་ཏུ་ལོ་ལྟར་ཁྱི་བྱེ་བ་༣་ཡས་མས་རེ་བཤས་ནས་ཁྱི་ཤ་འཚོང་གི་ཡོད་པ་སྟེ། ཝི་ཏེ་ནམ་གྱི་མི་འབོར་བརྒྱ་ཆ་༨༠་ལྷག་གིས་ཁྱི་ཤ་ཟ་བ་དང་ལོ་རེར་ཝི་ཏེ་ནམ་རྒྱལ་ཡོངས་སུ་ཁྱི་ས་ཡ་༡༠་ལྷག་བཤས་ནས་ཁྱི་ཤ་འཚོང་གི་ཡོད་པ་དང་། ལྷོ་ཀོ་རི་ཡའི་མི་འབོར་བརྒྱ་ཆ་༦༠་ལྷག་གིས་ཁྱི་ཤ་ཟ་རུང་སྔ་ལོ་ལྷོ་ཀོ་རི་ཡར་ཁྱི་ཤ་ཟ་མཁན་མི་འབོར་བརྒྱ་ཆ་༢༠་ལས་བྱུང་མེད། རྒྱ་ནག་ལ་ཁྱི་ཤ་ཟ་མཁན་མི་འབོར་བརྒྱ་ཆ་༢༠་ལས་མེད་ཀྱང་རྒྱ་ནག་ལ་མི་གྲངས་དུང་ཕྱུར་༡༤་ཙམ་ཡོད་པ་དེར་གཞིགས་ན་ཁྱི་ཤ་ཟ་མཁན་མི་གྲངས་བརྒྱ་ཆ་༢༠་ཡོད་པའང་ཉུང་ཉུང་མ་རེད་དོ།།

XS
SM
MD
LG