ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀིམ་ཇུང་དབྱང་རྒྱལ་སྤྱིའི་ཉེན་རྟོག་པའི་འགོ་ཁྲིད་ལ་འདེམས་ཐོན།


༄༅།། རྒྱལ་སྤྱིའི་ཉེན་རྟོག་པའི་འགོ་ཁྲིད་ལ་ལྷོ་ཀོ་རི་ཡའི་འོས་མི་ཀིམ་ཇུང་དབྱང་འདེམས་ཐོན་བྱུང་སྟེ་ཨུ་རུ་སུའི་འོས་མི་པ་རོ་ཀོབ་ཆུཀ་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་མེད་ཅིང་། ཐོག་མར་རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དེར་ཨུ་རུ་སུའི་མི་ཞིག་བསྐོ་བཞག་བྱ་སྲིད་པའི་གནས་ཚུལ་ཐོན་པར་རྒྱལ་སྤྱིའི་ཐོག་ཏུ་སྐྱོན་བརྗོད་དྲག་པོ་ཕོག ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཨུ་རུ་སུའི་མི་ཞིག་འདེམས་བསྐོ་བྱས་ཚེ། ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ལ་ཐེ་ཇུས་བྱ་ཐུབ། ད་དུང་སྲིད་འཛིན་ཕུ་ཀྲིན་གྱིས་ཨུ་རུ་སུའི་ཕྱི་ལོགས་སུ་ཡོད་པའི་རང་གི་ཆབ་སྲིད་ཀྱི་ཁ་གཏད་པ་རྣམས་འཛིན་བཟུང་བྱེད་དུ་འཇུག་སྲིད། ཐ་ན་རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱི་བཀོད་འདོམས་འོག་ཏུ་ཚུད་སྲིད་པའི་དོགས་པ་བྱས་ཡོད་པ་རེད།

ཕྱི་ཟླ་༡༡་ཚེས་༢༡་ཉིན་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨ་རབ་ཨི་མཱི་རེ་ཌི་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་ས་དྷུ་བྷེ་གྲོང་ཁྱེར་དུ་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཚོགས་འདུར་ཚོགས་ཏེ། ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་འགོ་ཁྲིད་མེང་ཧུང་ཝེ་རང་ཡུལ་ལ་ཕྱིར་འགུགས་བྱས་ནས་འཛིན་བཟུང་བྱས་པའི་རྗེས་སུ་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ལ་འགོ་ཁྲིད་གསར་པ་ཞིག་བསྐོ་བཞག་བྱ་དགོས་བྱུང་ཞིང་། རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ནི་སྒྲིག་འཛུགས་དེའི་ཁོངས་སུ་ཞུགས་པའི་འབྲེལ་ཡོད་ཚོགས་འཐུས་རྒྱལ་ཁབ་ཁག་གིས་འོས་ཤོག་འཕངས་ནས་འོས་འདེམས་བྱེད་ཀྱི་ཡོད་པ་དང་། ལྷོ་ཀོ་རི་ཡའི་འོས་མི་དང་ཨུ་རུ་སུའི་འོས་མི་དེར་འོས་ཤོག་མང་ཉུང་གི་ཁྱད་པར་ཅི་ཙམ་བྱུང་ཡོད་མེད་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་ཕྱིར་བསྒྲགས་བྱས་མི་འདུག

ཐེངས་འདིའི་རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་འོས་འདེམས་འདི་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་གྱུར། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་འོས་པ་རོ་ཀོབ་ཆུཀ་འོས་འདེམས་བྱུང་ན་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་ཕྱི་ནང་གཉིས་སུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་སྐྱོན་བརྗོད་བྱེད་མཁན་ཚོར་སུན་གཙེར་བྱ་སྲིད་ཅེས་སྐྱོན་བརྗོད་བྱས་པར་མ་ཟད། ཨུ་རུ་སུའི་ཡུ་ཀོ་རྡོ་སྣུམ་བཟོ་ཚོང་ཁང་ཞིག་གསར་འཛུགས་པ་ཁོ་དྷོར་ཀོབ་སི་ཀིས་བཤད་པ་ལྟར་ན་རང་ཉིད་ལོ་བཅུ་ལ་བཙོན་ཁང་དུ་བཅུག་པར་ཆབ་སྲིད་ཀྱི་གནད་དོན་ལ་བསྒྱུར་སོང་། པ་རོ་ཀོབ་ཆུཀ་སྐབས་དེར་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་ཨུ་རུ་སུའི་ཡན་ལག་ལྷན་ཁང་གི་འགོ་ཁྲིད་རེད། ཁོ་པས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་ཁྲིམས་དང་རྩ་འཛིན་བཅས་ལ་གོང་བཀུར་བྱས་མ་སོང་། པ་རོ་ཀོབ་ཆུཀ་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་བསྐོ་བཞག་བྱས་ན་འོས་འཚམས་མ་རེད་ཅེས་ངོ་རྒོལ་བྱས་འདུག ཨུ་རུ་སུའི་གཞུང་གིས་འཕྲལ་དུ་ཨ་མི་རི་ཀའི་ལྐོག་གཡོ་ངན་ཇུས་ལ་བརྟེན་ནས་ཨུ་རུ་སུའི་འོས་མི་དེ་རྒྱལ་སྤྱིའི་ཉེན་རྟོག་པའི་འགོ་ཁྲིད་ལ་འོས་འདེམས་མ་བྱུང་བ་རེད་ཅེས་སྐྱོན་བརྗོད་བྱས་འདུག

ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་གྱིས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་འགོ་ཁྲིད་འོས་འདེམས་ཀྱི་གྲུབ་འབྲས་དེར་དགའ་བསུ་ཞུས་པ་དང་། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་ནི་རྒྱལ་ཁབ་གང་ཞིག་གི་ཉེས་ཅན་ཞིག་ཕྱི་རྒྱལ་ལ་བྲོས་བྲོལ་དུ་སོང་བ་དང་། ཉེས་ཅན་པ་དེའི་སྐྱེས་ཡུལ་རྒྱལ་ཁབ་དང་བྲོས་བྱོལ་དུ་འགྲོ་ཡུལ་རྒྱལ་ཁབ་གཉིས་ཀྱིས་ཉེས་ཅན་པ་རྩིས་སྤྲོད་བྱ་རེས་ཀྱི་ཆིངས་ཡིག་བཞག་ཡོད་ན་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ལ་ཞུ་གཏུག་བྱ་ཆོག རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་འཕྲལ་དུ་འབྲེལ་ཡོད་རྒྱལ་ཁབ་དེར་བཀའ་བཏང་ནས་ཉེས་ཅན་པ་དེ་འཛིན་བཟུང་བྱེད་ཀྱི་ཡོད་ཅིང་། གལ་ཏེ་ཉེས་ཅན་པ་དེའི་སྐྱེས་ཡུལ་རྒྱལ་ཁབ་དང་བྲོས་བྱོལ་དུ་འགྲོ་ཡུལ་རྒྱལ་ཁབ་གཉིས་ཀྱིས་ཉེས་ཅན་པ་རྩིས་སྤྲོད་བྱ་རེས་ཀྱི་ཆིངས་ཡིག་བཞག་མེད་ཀྱང་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་ཉེས་ཅན་པ་དེ་འཛིན་བཟུང་བྱ་དགོས་ཞེས་བཀའ་བཏང་ནས་མི་དེ་བཀག་ཉར་བྱེད་པའམ། ཡང་ན་ཁོ་པར་བྲོས་བྱོལ་དུ་འགྲོ་ཡུལ་རྒྱལ་ཁབ་དེ་ནས་ཕྱི་ལ་ཐོན་མི་ཆོག་པའི་སུན་གཙེར་བྱེད་ཐུབ་ཀྱི་ཡོད་པ་རེད།།

XS
SM
MD
LG