ངོ་འཕྲད་བདེ་བའི་དྲ་འབྲེལ།

ལོ་དྲུག་གི་རྗེས་སུ་གཟེངས་རྟགས་དངོས་སུ་བཞེས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་སུ་སྤྱི་ལོ་༢༠༡༢་ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ཐོབ་ཀྱང་སྐབས་དེར་དོ་བདག་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པའི་སྟོབས་ཀྱིས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་དངོས་སུ་ཞུགས་ཐུབ་མེད་ཅིང་། ད་ལོའི་རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་ཚོགས་པའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྟེང་དུ་དོན་གྲུབ་དབང་ཆེན་ལགས་གདན་འདྲེན་ཞུས་ཏེ་གཟེངས་རྟགས་དངོས་སུ་ཕུལ་ཡོད་པ་རེད།

རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་ཚོགས་པས་བོད་ནང་གི་བོད་པ་ཚོས་བོད་མི་རིགས་ཀྱི་དད་པ་དམ་ཚིག་བཅངས་སྟངས་དང་རིག་གཞུང་སོགས་ལ་གཅེས་འཛིན་དང་ཉམས་ལེན་བྱེད་ཀྱི་ཡོད་པར་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ཏེ་བོད་ཀྱི་རིག་གཞུང་རྩ་མེད་བཟོ་བའི་རྒྱ་ནག་གི་སྲིད་ཇུས་ཀྱི་སྐོར་དང་། བོད་ནང་གི་བོད་མི་ཚོར་སྨྲ་བརྗོད་དང་གསར་འགོད་རང་དབང་གཏན་འགག་བྱེད་ཡོད་པ། ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གཙོས་བོད་པ་ཚོས་དད་གུས་དང་གུས་བརྩི་ཞུ་ཡུལ་རྣམས་ལ་རྒྱ་ནག་གཞུང་གིས་ཉེས་འཛུགས་དང་སྐྱོན་བརྗོད་སྣ་ཚོགས་ཤིག་བྱེད་བཞིན་པ་རྣམས་གསལ་སྟོན་གནང་བར་མ་ཟད། དོན་གྲུབ་དབང་ཆེན་ལགས་ཀྱིས་བློས་གཏོང་དང་འབད་བརྩོན་གྱིས་བོད་ནང་གི་བོད་མིའི་གནས་བབ་འཇིགས་ཞུམ་མེད་པར་ཕྱིར་བསྒྲགས་བྱས་པར་ཆེས་བསྟོད་གནང་སོང་།

ཡང་དོན་གྲུབ་དབང་ཆེན་ལགས་ཀྱིས་མཛད་སྒོ་དེའི་སྟེང་དུ་གཏམ་བཤད་གནང་དོན། གཟེངས་རྟགས་འདི་རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་ཚོགས་པས་བོད་མི་རིགས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། བོད་ནི་ད་དུང་ཡང་བཙོན་རྭ་ལྟར་ཡིན་པས་ཚང་མས་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

འདི་ག་ཨ་རིའི་རླུང་འཕྲིན་ཁང་གིས་དོན་གྲུབ་དབང་ཆེན་ལགས་ལ་གཟེངས་རྟགས་འབུལ་བཞེས་སྐབས་ཀྱི་མཐོང་ཐོས་དང་མྱོང་ཚོར་བཅས་ལ་བཀའ་འདྲི་ཞུས་སྐབས་མཛད་སྒོའི་སྟེང་དུ་གསར་འགོད་ལས་དོན་དང་འབྲེལ་བའི་མི་གྲངས་༩༠༠་བརྒལ་བ་ཞིག་འཛོམས་ཏེ་མི་སྣ་འདྲ་མིན་ལ་ཐུག་འཕྲད་དང་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་ཞིང་། ད་དུང་ཡང་བོད་པ་ཚོས་བོད་ནང་གི་བོད་མིའི་གནས་བབ་ངོ་མ་ཕྱིར་བསྒྲགས་བྱ་རྒྱུའི་ལས་དོན་དེར་ཤུགས་སྣོན་རྒྱག་དགོས་ཀྱིན་འདུག་སྙམ་པའི་ཚོར་སྣང་བྱུང་སོང་ཞེས་ངོ་སྤྲོད་གནང་སོང་།།

XS
SM
MD
LG