ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཉ་བོ་ཆེ་ཞིག་གིས་འགྱིག་ཟོས་ནས་ཤི་འདུག


༄༅།། ཨིན་རྡུ་ནེ་ཞི་ཡའི་སྤྱི་གླིང་ཞིག་གི་མཚོ་འགྲམ་དུ་ཉ་བོ་ཆེ་ཞིག་ཤི་བའི་ཉ་རོ་རྦ་རླབས་ཀྱིས་མཚོ་འགྲམ་དུ་དེད་ཡོད་ཅིང་། གླིང་སྤྱི་བདག་སྐྱོང་བ་ཚོས་ཉ་བོ་ཆེ་དེའི་ཁོག་པ་གཤགས་ནས་བལྟས་དུས་ཉ་ཁོག་ཏུ་འགྱིག་གི་ཕོར་བ་༡༡༥་དང་འགྱིག་དམ་བཞི། འགྱིག་ཤོག་ཁུག་མ་༢༥་དང་འགྱིག་གི་བསིལ་ལྷམ་གཉིས་བཅས་ཁྱོན་བསྡོམས་འགྱིག་གི་གད་སྙིགས་རྒྱ་མ་༡༣་ཉ་བོ་ཆེ་དེའི་ཁོག་ནས་རྙེད་ཡོད་པའི་གསར་འགྱུར་ཐོན་འདུག

ཉ་བོ་ཆེ་དེར་རིང་ཚད་མཱི་ཊར་༩་དང་ཕྱེད་ཀ་ཡོད་པ་དེ་ནི་ཨིན་རྡུ་ནེ་ཞི་ཡ་རྒྱལ་ཁབ་ཀྱི་ཝ་ཀོ་ཏོ་བྷི་རྒྱལ་ཡོངས་སྤྱི་གླིང་གི་ཀོ་པ་ཏ་གླིང་ཕྲན་གྱི་མཚོ་འགྲམ་དུ་རྙེད། ཨིན་རྡུ་ནེ་ཞི་ཡའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལྷན་ཁང་གི་ལས་སྣེ་སྟེ། རྒྱ་མཚོའི་ནང་གི་སྲོག་ཆགས་ཞིབ་འཇུག་པ་ཌི་ཝི་སཱུབ་རཱབ་ཏིས་བརྗོད་དོན། ང་ཚོས་ཀོ་པ་ཏ་གླིང་ཕྲན་གྱི་མཚོ་འགྲམ་དུ་ཉ་བོ་ཆེ་ཞིག་ཤི་བའི་ཉ་རོ་རྙེད་པ་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་པ་ཚོས་ཧ་ཅང་བློ་འཚབ་བྱ་དགོས་པའི་གནད་དོན་ཞིག་ཡིན། ད་སྔ་ཉ་བོ་ཆེ་དེ་ཤི་དོན་ཅི་ཡིན་རྩད་གཅོད་གསལ་བོ་ཞིག་ཐུབ་མེད་ཀྱང་ང་ཚོས་ཉ་ཁོག་ཏུ་ཅི་ཞིག་བརྫངས་ཡོད་པ་རྣམས་མིག་མཐོང་ལག་ཟིན་ཡིན་པ་ནི་འཇིགས་སྣང་སློང་བའི་རྒྱུ་ཞིག་རེད། ཉ་རོ་རུལ་གྲབས་ཡོད་པའི་སྟབས་ཀྱིས་འགྱིག་ཤོག་དང་འགྱིག་གི་གད་སྙིགས་ཟོས་ནས་ཤི་བ་ཡིན་མིན་གཏིང་ཐག་གཅོད་དཀའ་ཡང་འགྱིག་ཤོག་དང་འགྱིག་གི་གད་སྙིགས་རྣམས་རྒྱ་མཚོའི་ནང་དུ་གཡུགས་པ་དེས་མཚོ་ནང་གི་སྲོག་ཆགས་ལ་གནོད་ཀྱི་ཡོད་པ་དང་མཚོ་ནང་གི་རང་བྱུང་ཁོར་ཡུག་འབག་བཙོག་བྱེད་ཀྱི་ཡོད་པ་བརྗོད་མི་དགོས་པ་ཞིག་རེད་ཅེས་ནན་བརྗོད་བྱས་འདུག

སྤྱིར་འཛམ་གླིང་གི་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་འབག་བཙོག་དང་མཁའ་རླུང་འབག་བཙོག མི་དང་དུད་འགྲོ་སེམས་ཅན་གྱི་འཐུང་ཆུ་འབག་བཙོག་བྱེད་ཀྱི་ཡོད་པ་གཅིག་མཚུངས་ཀྱི་དཀའ་ངལ་ཞིག་ཡིན། འོན་ཀྱང་ཨིན་རྡུ་ནེ་ཞི་ཡ་ཚུད་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་འགྱིག་ཤོག་དང་འགྱིག་གི་གད་སྙིགས་ལ་ལས་སྣོན་བྱས་ནས་བསྐྱར་དུ་བཀོལ་སྤྱོད་བྱེད་ཐུབ་ཀྱི་མེད་པས་འགྱིག་གི་གད་སྙིགས་རྣམས་རྒྱ་མཚོའི་ནང་དུ་གཡུགས་ནས་རྒྱ་མཚོ་འབག་བཙོག་གི་ཉེན་ཚབས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ༢༠༡༥་ལོར་འཛམ་གླིང་གི་ཁོར་ཡུག་ཞིབ་འཇུག་ཚོགས་པ་ཞིག་གིས་སྙན་ཐོ་བཏོན་པ་ལྟར་ན་འཛམ་གླིང་གི་འགྱིག་ཤོག་གི་གད་སྙིགས་བརྒྱ་ཆ་༦༠་ལྷག་གི་འབྱུང་ཁུངས་ནི་རྒྱ་ནག་དང་ཨིན་རྡུ་ནེ་ཞི་ཡ། ཧྥི་ལིན་ཕིན་དང་ཝི་ཏེ་ནམ། ཐེ་ལན་ཌི་བཅས་ཨེ་ཤི་ཡའི་རྒྱལ་ཁབ་ལྔ་ཡིན་པ་དང་། དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་བར་འགྱིག་ཤོག་དང་འགྱིག་ཕོར་སོགས་བཀོལ་སྤྱོད་ཐེངས་གཅིག་ལས་བྱེད་ཀྱི་མེད་པ་རྣམས་བཀོལ་སྤྱོད་བྱ་རྒྱུ་འགོག་གི་ཡོད་པ་སྟེ། ལོ་ལྟར་འགྱིག་གི་གད་སྙིགས་ཀྱིས་མཚོ་ནང་གི་སྲོག་ཆགས་བརྒྱ་ཕྲག་མང་པོ་གསོད་ཀྱི་ཡོད་པ་ར་འཕྲོད་བྱུང་ཡོད་པ་རེད།

ལོ་འདིའི་ཕྱི་ཟླ་༦་པར་ཐེ་ལན་ཌི་རྒྱལ་ཁབ་ཀྱི་མཚོ་འགྲམ་ཞིག་ཏུ་ཉ་བོ་ཆེ་ཞིག་ཤི་ཡོད་པ་དེའི་ཁོག་པ་ནས་གད་སྙིགས་བླུགས་པའི་འགྱིག་ཤོག་ཁུག་མ་༨༠་ཐམ་པ་ཐོན་འདུག གལ་སྲིད་རྒྱ་མཚོའི་ནང་དུ་གད་སྙིགས་འཕེན་རྒྱུ་མཚམས་མ་བཞག་ན་མ་འོངས་པའི་ལོ་བཅུའི་ནང་དུ་མཚོ་ནང་གི་འགྱིག་གི་གད་སྙིགས་ལྡབ་གསུམ་མང་དུ་འགྲོ་ངེས་རེད་ཅེས་སྙན་ཐོ་བཏོན་ཡོད་པར་མ་ཟད། ན་ནིང་ལོ་མཇུག་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེར་རྒྱ་མཚོའི་ནང་དུ་འགྱིག་གི་གད་སྙིགས་ཊོན་ས་ཡ་བཅུ་རེ་གཡུག་གི་འདུག་པས་རྒྱ་མཚོའི་རང་བྱུང་ཁོར་ཡུག་ལ་ནམ་ཡང་གསོ་ཐབས་མེད་པའི་གནོད་འཚེ་ཕོག་འདུག་ཅེས་སྙན་ཐོ་བཏོན་ཡོད་པ་རེད།།

XS
SM
MD
LG