ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

འཇིགས་སྐུལ་བ་ཚོས་ཉིན་༣༠་ནང་ཚུད་དུ་མགོ་སྒུར་དགོས་ཟེར།


༄༅།། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཧ་མཱི་ས་གནས་ཀྱི་འགོ་ཁྲིད་ཚོས་དྲག་སྤྱོད་ལ་ཞུགས་པ་དང་འཇིགས་སྐུལ་རིང་ལུགས། ཁ་བྲལ་རིང་ལུགས་དང་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤུགས་རྐྱེན་ཐེབས་པ་ཚོས་ཉི་མ་༣༠་ཐམ་པའི་ནང་ཚུད་དུ་སྲིད་གཞུང་ལ་མགོ་སྒུར་ནས་རང་ཉིད་རྩིས་སྤྲོད་བྱ་དགོས། འདི་ནི་ལམ་ལོག་ཏུ་འཕྱན་པ་ཚོར་རང་ཉིད་ལེགས་བཅོས་བྱེད་པའི་གོ་སྐབས་ཤིག་ཡིན་ཞེས་ཞིན་ཅང་གི་ཧ་མཱི་ས་གནས་གཞུང་གི་སྐད་འཕྲིན་གྱི་དྲྭ་ལམ་དུ་བརྡ་ཐོ་ཞིག་བཀོད་འདུག

གོང་དུ་ལྟ་བ་ངན་པའི་ཤུགས་རྐྱེན་ཟེར་པ་དེའི་ཁོངས་སུ་མི་སྣ་བསྡུ་སྐོང་བྱས་ནས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་བཙུགས་པ། ཕྱི་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཁག་ལ་ངན་འབྲེལ་བྱས་པ། འཇིགས་སྐུལ་རིང་ལུགས་པ་ཚོར་མཚོན་ཆ་དང་འབར་མདེལ་བཟོ་བའམ། ཡང་ན་མཚོན་ཆ་འབར་མདེལ་སོགས་མཁོ་སྒྲུབ་ཀྱི་རོགས་ཕན་བསྒྲུབས་པ། འཇིགས་སྐུལ་རིང་ལུགས་པ་ཚོར་དཔལ་འབྱོར་འགྲོ་གྲོན་འདུ་འགོད་ཀྱི་རོགས་རམ་བྱས་པ་རྣམས་ཚུད་ཡོད། འཇིགས་སྐུལ་རིང་ལུགས་ཀྱི་དམག་སྦྱོང་ཐོབ་པ་དང་གསང་ཉུལ་གྱི་སྦྱོང་བརྡར་ཉམས་མྱོང་ཐོབ་པ། ས་ཁྲ་དང་ལམ་སྟོན་འཕྲུལ་ཆས། ཕྱོགས་སྟོན་འཁོར་ལོ། རྒྱང་ཤེལ་དང་ཐག་པ། གུར་སོགས་འཇིགས་སྐུལ་རིང་ལུགས་པ་ཚོར་དགོས་ངེས་ཀྱི་མཐུན་རྐྱེན་ཉོ་སྒྲུབ་བྱས་པ། སྒྲ་སྐད་དང་བརྙན་གཟུགས་རྣམས་ཕབ་ལེན་དང་བསྐུར་ལེན། ཡིག་ཆ་གཏོང་ལེན་བྱས་པ་དང་ཕྱི་རྒྱལ་གྱི་དྲྭ་རྒྱ་ཁག་ལ་ལྟ་མཁན་བྱེད་མཁན་ཚོས་ཀྱང་སྲིད་གཞུང་ལ་མགོ་སྒུར་ནས་རང་ཉིད་རྩིས་སྤྲོད་བྱ་དགོས་ཞེས་བཀོད།

ཕ་མ་ཚོས་རང་གི་བུ་ཕྲུག་ལ་ཆོས་ལུགས་ཀྱི་སློབ་གསོ་སྤྲོད་པ་དང་ཁ་ཆེའི་བཀའ་དེབ་འབའ་ཞིག་འཚོ་བའི་ལམ་སྟོན་རྩ་འཛིན་དུ་བཟུང་ནས་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་གྱི་ལམ་སྟོན་དང་སྲིད་ཇུས་ལ་གོང་བཀུར་བྱེད་མཁན་ཚོས་ཀྱང་རང་ཉིད་རྩིས་སྤྲོད་བྱ་དགོས། བཟའ་གསུམ་བྱེད་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ནས་བཟའ་ཚང་གཉེན་སྒྲིག་དང་ཁ་འཐོར། རྒྱལ་ཁབ་ཀྱི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལ་རྒྱབ་འགལ་བྱེད་མཁན་རྣམས་དང་བུ་ཕྲུག་ལ་ཆོས་ལུགས་ཀྱི་གོ་དོན་ཡོད་པའི་མིང་འདོགས་མཁན་ཚོས་ཀྱང་རང་ཉིད་རྩིས་སྤྲོད་བྱས་ནས་སྲིད་གཞུང་ལ་མགོ་སྒུར་དགོས། མང་ཚོགས་ལ་རྒྱལ་ཁབ་སྲིད་ཇུས་དང་གཞུང་འབྲེལ་གྱི་གསར་འགྱུར་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་ལྟ་ཉན་བྱེད་དུ་མི་འཇུག་པ། སྲིད་གཞུང་གིས་མི་མང་ལ་ཁང་པ་འཛུགས་སྐྲུན་དང་ཁང་གླ། སྨན་ཡོན་སོགས་འཚོ་བའི་རོགས་དངུལ་སྤྲོད་ཀྱི་ཡོད་པ་ལེན་དུ་མི་འཇུག་པ་དང་མི་ལེན་པ། རྒྱ་མི་རིགས་ཀྱི་ཚོང་ཁང་ལག་ནས་ཅ་དངོས་མི་ཉོ་བའི་ལས་འགུལ་སྤེལ་མཁན་ཚོས་ཀྱང་སྲིད་གཞུང་ལ་མགོ་སྒུར་ནས་རང་ཉིད་རྩིས་སྤྲོད་བྱ་དགོས།

ཉི་མ་༣༠་ཐམ་པའི་ནང་ཚུད་དུ་སྲིད་གཞུང་ལ་མགོ་སྒུར་ནས་རང་ཉིད་རྩིས་སྤྲོད་བྱེད་མཁན་ཚོར་ཉེས་ཆད་ཡང་མོ་གཅོད་ཆོག ཁོ་ཚོ་ཉེན་རྟོག་ལས་ཁང་དང་ཁྲིམས་ཁང་། ཡིག་འབྲེལ་དང་ཁ་པར་སོགས་ཐབས་ལམ་སྣ་ཚིགས་ཤིག་བརྒྱུད་ནས་སྲིད་གཞུང་ལ་མགོ་སྒུར་ནས་རང་ཉིད་རྩིས་སྤྲོད་བྱེད་ཆོག་ཅེས་བཀོད་ཀྱང་རྒྱ་གཞུང་གི་སྲིད་ཇུས་དེར་ནུས་པ་འཐོན་རྒྱུ་ཡིན་མིན་ངེས་པ་མེད་པ་སྟེ། ༢༠༡༧་ལོར་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཁ་ཤི་སྒར་གྲོང་ཁྱེར་སྲིད་གཞུང་གིས་ཐབས་ཇུས་འདྲ་མཚུངས་ཤིག་ལེན་བསྟར། ཁ་ཤི་སྒར་གྲོང་ཁྱེར་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་རྣམས་རྩིས་སྤྲོད་བྱེད་མཁན་བྱུང་ན་མི་དེར་མི་དམངས་ཤོག་སྒོར་ས་ཡ་༥་བྱ་དགའ་སྤྲོད་ཆོག་ཅེས་བསྒྲགས་ཀྱང་འཇིགས་སྐུལ་རིང་ལུགས་པ་རྩིས་སྤྲོད་བྱེད་མཁན་བྱུང་མེད་ཅིང་། ད་དུང་དེ་ལས་ལྡོག་སྟེ་ཞིན་ཅང་གི་ཡུ་གུར་བ་རྣམས་རྒྱ་ནག་གཞུང་ལ་མི་དགའ་བ་དང་རང་གི་མི་རིགས་ཀྱི་ཞེན་ཁོག་ཆེ་རུ་སོང་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱས་འདུག

པེ་ཅིང་དུ་ཚུགས་པའི་རྒྱ་ནག་གི་དེང་རབས་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་མཁས་པ་ལི་ཝེ་ཞེས་པ་ཞིག་གིས་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་བཤད་པ་ལྟར་ན་ཧ་མཱི་ས་གནས་གཞུང་གི་བཀྲམ་པའི་བརྡ་ཐོ་དེས་རྒྱ་ནག་གཞུང་གིས་ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་མཚོན་ཐུབ། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་ལག་ཤེས་སློབ་གྲྭ་བཙུགས་ནས་གྲུབ་འབྲས་ཆེན་པོ་འདུག འཇིགས་སྐུལ་རིང་ལུགས་པ་ཚོས་རང་ཉིད་རྩིས་སྤྲོད་བྱས་ནས་མགོ་སྒུར་ན་བཙོན་ཁང་དུ་ཡུད་ཙམ་རིང་ལ་འཇུག་པའམ། ལག་ཤེས་དང་སྐད་ཡིག ཤེས་ཡོན་སྦྱང་བརྩོན་སོགས་ཀྱི་མདུན་ལམ་སྟོན་རྒྱུ་དང་། ཁོ་ཚོར་རང་གི་རིག་གཞུང་དང་ཆོས་ལུགས་ཀྱི་དགོངས་དོན་ལེགས་པར་རྟོགས་པའི་གོ་སྐབས་འཐོབ་སྲིད་ཅེས་བཤད་ཀྱང་ཞིན་ཅང་གི་ལག་ཤེས་སློབ་གྲྭ་དེ་རྣམས་བཙོན་ཁང་དང་བཀག་ཉར་ཁང་ཡིན་པ་རྒྱལ་སྤྱིའི་ཐོག་ཏུ་ཡོངས་གྲགས་ཡིན་ཞིང་། ད་ལྟ་རྒྱ་ནག་གཞུང་གིས་ཉུང་མཐའ་ཡང་ཞིན་ཅང་གི་ས་གནས་ཁག་ཏུ་བཀག་ཉར་ཁང་སྒོ་ཕྱེ་ནས་ཡུ་གུར་བ་དང་ཧ་ས་ཁ་བ། གཞན་ཡང་དེ་མིན་གྱི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་གཅིག་ཙམ་བཀག་ཉར་བྱས་ཡོད་པ་དང་། བཀག་ཁར་ཁང་དེ་དག་གི་ནང་དུ་ཡུ་གུར་བ་ཚོས་ཉིན་མཚན་དུས་དྲུག་ལ་པར་ཆས་བཙུགས་ཏེ་ལྟ་རྟོག་བྱས་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་པ་རེད།།

XS
SM
MD
LG