ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་རྒྱ་ནག་གི་བུ་ལོན་འོག་ཏུ་ཚུད་ཉེན་མེད་དམ།


༄༅།། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ཨེ་ཤི་ཡ་དང་ཡུ་རོབ། ཨ་ཧྥི་རི་ཀ་བཅས་རྒྱལ་ཁབ་༦༠་ལྷག་ལ་མཐུད་ནས་འཛམ་གླིང་གི་དཔལ་འབྱོར་དང་ཚོང་ལས་ཀྱི་ཁ་ཕྱོགས་བསྒྱུར་རྒྱུ། ཉིན་ཞིག་འཛམ་གླིང་གི་མི་འབོར་གསུམ་ཆའི་གཉིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ལ་བརྟེན་དགོས་པའི་དམིགས་ཡུལ་འདུག དཔལ་འབྱོར་རིག་པ་བ་ཁག་ཅིག་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་གྱིས་འཛམ་གླིང་གི་དཔལ་འབྱོར་བརྒྱ་ཆ་༡༢་འཕེལ་རྒྱས་གཏོང་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་རུང་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ནི་འབྲེལ་ཡོད་རྒྱལ་ཁབ་དེ་དག་རྒྱ་ནག་གི་བུ་ལོན་འོག་ནས་ཐར་ཐབས་མེད་པའི་གཡོ་ཐབས་ཤིག་ཡིན་པ་དང་། ཐ་ན་རྒྱལ་ཁབ་དེ་དག་རྒྱ་ནག་གི་མི་སེར་སྤེལ་ཡུལ་གསར་པ་ཞིག་ལྟ་བུ་ཞིག་ཏུ་འགྱུར་སྲིད་པའི་དོགས་ཟོན་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་དེར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་འགྲོ་གྲོན་གཏོང་དགོས་པས་རྒྱ་ནག་གིས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་འགྲོ་གྲོན་གཏོང་ཐུབ་རྒྱུ་ཡིན་མིན། རྒྱ་ནག་གིས་མ་རྩ་བཙུགས་ནས་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། གྲུ་ཁ་དང་གནམ་ཐང་། ཟམ་པ་སོགས་འཛུགས་བསྐྲུན་བྱས་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ལ་སྦྲེལ་པའི་རྒྱལ་ཁབ་དེ་དག་གིས་རྒྱ་ནག་ལ་བུ་ལོན་འཇལ་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད། ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ནི་བསམ་བཞིན་མ་རྩ་འཛུགས་ཡུལ་རྒྱལ་ཁབ་དེ་དག་བུ་ལོན་ནང་ལ་ཚུད་དུ་འཇུག་ཐབས་དང་རྒྱ་ནག་གི་བཀོད་ཇུས་འོག་ཏུ་འཇུག་ཐབས་ཤིག་ཡིན་སྲིད། དཔེར་ན་རྒྱ་ནག་གིས་ཨ་སྒོར་དུང་ཕྱུར་༡༥་འགྲོ་གྲོན་བཏང་སྟེ་སིངྒ་ལར་གྲུ་ཁ་གསར་པ་ཞིག་འཛུགས་སྐྲུན་བྱས་པ་དང་སིངྒ་ལའི་གཞུང་གིས་རྒྱ་ནག་ལ་བུ་ལོན་འཇལ་མ་ཐུབ་པར་གྲུ་ཁ་དེ་ལོ་༩༩་རིང་ལ་རྒྱ་ནག་གིས་བཀོལ་སྤྱོད་ཆོག་པའི་གན་རྒྱ་འཇོག་དགོས་ཐུག་འདུག

རྒྱ་ནག་གིས་མ་རྩ་བཙུགས་ནས་འཛུགས་སྐྲུན་བྱ་ཡུལ་རྒྱལ་ཁབ་མང་དག་ཅིག་ལ་བུ་ལོན་འཇལ་ཐུབ་པའི་དཔལ་འབྱོར་གྱི་ཡོང་འབབ་དང་རང་བྱུང་ཐོན་ཁོངས་མེད་ཀྱང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ཁོངས་སུ་སྤྲོ་བས་བརྟས་ནས་མཉམ་ཞུགས་བྱེད་ཀྱི་ཡོད་པ་སྟེ། ད་ལོའི་ཕྱི་ཟླ་༦་ནང་དུ་བལ་ཡུལ་གྱི་སྲིད་བློན་ཤཱར་མ་ཨོ་ལི་རྒྱ་ནག་ལ་འཚམས་གཟིགས་སུ་ཕེབས་ནས་བལ་ཡུལ་གྱི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་དང་གློག་ཁང་འཛུགས་སྐྲུན། འཛུགས་སྐྲུན་རྗེས་སུ་རང་བྱུང་ཁོར་ཡུག་ལ་གནོད་འཚེ་བྱུང་བ་གསོ་ཐབས་བཅས་སུ་རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་༢༤་མ་རྩ་འཛུགས་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། བལ་ཡུལ་གྱི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་ཁོངས་སུ་བོད་ཀྱི་སྐྱིད་གྲོང་རྫོང་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྷུ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ། བལ་ཡུལ་གྱི་པོཀཱ་ར་དང་གནས་མཆོག་ལུམྦི་ནི་གཉིས་ཡུལ་སྐོར་སྤྲོ་འཆམ་པའི་གྲོང་རྡལ་དུ་བསྒྱུར་རྒྱུ། བོད་ནས་བལ་ཡུལ་ལ་མེ་འཁོར་ལྕགས་ལམ་མཐུད་ན་ལོ་ལྟར་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་༢་དང་ཕྱེད་ཀ་ཡས་མས་བལ་ཡུལ་ལ་ཡོང་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། བལ་ཡུལ་ལ་མེ་འཁོར་ལྕགས་ལམ་དངོས་སུ་མཐུད་ན་བལ་ཡུལ་རྒྱ་དཀར་ནག་གཉིས་ཀྱི་བརྒྱུད་མཚམས་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་དང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་བལ་ཡུལ་ལ་མཐུད་པའི་རྗེས་སུ་བལ་ཡུལ་གྱི་ཚོང་ལས་བརྒྱ་ཆ་༣༥་ནས་བརྒྱ་ཆ་༤༥་ཙམ་འཕེལ་རྒྱས་འགྲོ་སྲིད་པའི་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གིས་བོད་ཀྱི་སྐྱིད་གྲོང་རྫོང་ནས་བལ་ཡུལ་གྱི་རྒྱལ་ས་བར་དུ་སྤྱི་ལེ་༧༢་ལྷག་ཡོད་པའི་མེ་འཁོར་ལྕགས་ལམ་དེར་སྔོན་འགྲོའི་ཞིབ་འཇུག་བྱས་ནས་ལྕགས་ལམ་འཛུགས་སྐྲུན་ལ་ཨ་སྒོར་ཐེར་འབུམ་༢་དང་དུང་ཕྱུར་༢་ལྷག་འགྲོ་གྲོན་གཏོང་དགོས་པའི་རྩིས་རྒྱག་གི་ཡོད་ཀྱང་ཉམས་ཞིབ་པ་ཁག་ཅིག་གིས་བོད་ཀྱི་སྐྱིད་གྲོང་རྫོང་ནས་བལ་ཡུལ་གྱི་རྒྱལ་ས་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་འགྲོ་གྲོན་ལ་གོང་གི་ཚོད་དཔག་ལས་ཀྱང་འགྲོ་གྲོན་ཆེ་བ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། བལ་ཡུལ་གྱི་མེ་འཁོར་ལྩགས་ལམ་ལྷན་ཁང་གིས་སྐྱིད་གྲོང་ནས་བལ་ཡུལ་བར་གྱི་མེ་འཁོར་ལྕགས་ལམ་བརྒྱ་ཆ་༩༨་ལྷག་ཕུག་ལམ་དང་ཟམ་པ་འཕངས་ནས་འཛུགས་སྐྲུན་བྱ་དགོས་ཀྱིན་འདུག བལ་ཡུལ་ནི་རི་ལུང་གི་རྒྱལ་ཁབ་ཅིག་ཡིན་པས་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ལ་གཞན་དང་མ་འདྲ་བའི་འགྲོ་གྲོན་ཆེན་པོ་གཏོང་དགོས་ཀྱིན་འདུག་ཅེས་བཀྲལ།

བལ་ཡུལ་གྱི་ཉམས་ཞིབ་པ་ལ་ལས་རྒྱ་ནག་གིས་མ་རྩ་བཙུགས་ནས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ནི་བལ་ཡུལ་གཏན་དུ་རྒྱ་ནག་གི་བུ་ལོན་འོག་ནས་ཐར་ཐབས་མེད་པའི་རྒྱ་རྙི་ཞིག་མིན་ནམ། ང་ཚོས་སིངྒ་ལ་གཅིག་པུ་མིན་པར་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ལའོ་སི་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་ལ་བུ་ལོན་འཇལ་མ་ཐུབ་པར་རྒྱལ་ཁབ་དེ་དག་གི་ས་ཐོག་ཏུ་རྒྱ་ནག་ལ་དམག་སྒར་ཆགས་ས་སྤྲོད་དགོས་པ་དང་རང་བྱུང་གཏེར་ཁ་རྒྱ་ནག་ལ་སྤྲོད་དགོས་པ། རྒྱལ་ཁབ་དེ་དག་གི་གནམ་ཐང་དང་གྲུ་ཁ་སོགས་རྒྱ་ནག་ལ་བཀོལ་སྤྱོད་བྱེད་དུ་འཇུག་དགོས་པ་མཐོང་ཐོས་ཐུབ། རྒྱ་ནག་གིས་མལ་དིབ་རྒྱལ་ཁབ་ལ་གནམ་ཐང་ཡར་རྒྱས་དང་ཟམ་པ་འཛུགས་སྐྲུན་བྱས་པར་ལོ་ལྟར་མལ་དིབ་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་ཨ་སྒོར་ས་ཡ་༩༢་རེ་བུ་ལོན་འཇལ་དགོས་ཀྱིན་འདུག འདི་ནི་མལ་དིབ་རྒྱལ་ཁབ་ཀྱི་ལོ་རེའི་འགྲོ་གྲོན་གྱི་བརྒྱ་ཆ་༡༠་རེད་ཅེས་རྒྱལ་ཁབ་དེའི་ཕྱོགས་འགལ་ཚོགས་པས་ངོ་རྒོལ་བྱེད་ཀྱི་ཡོད་པ་གསལ་བོ་མིན་ནམ། གལ་སྲིད་བལ་ཡུལ་གྱིས་རྒྱ་ནག་ལ་བུ་ལོན་འཇལ་མི་དགོས་པར་རྒྱ་ནག་གིས་བལ་ཡུལ་ལ་དཔལ་འབྱོར་རོགས་རམ་བྱས་ནས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་མིན་ཚེ། བལ་ཡུལ་ཡང་སིངྒ་ལ་དང་འདྲ་བར་རྒྱ་ནག་གི་བུ་ལོན་འོག་ནས་ནམ་ཡང་ཐར་ཐབས་མེད་པ་ཞིག་ལ་འགྱུར་ངེས་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།།

XS
SM
MD
LG