ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཁྲེན་ཆོན་གོ་དང་ནུབ་ཕྱོགས་པའི་གཞུང་ཚབ་པ་བཅོ་ལྔ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཙམ་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བློ་འཚབ་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པ་མཚམས་འཇོག་དང་ཡུ་གུར་བ་བཀག་ཉར་བྱེད་ཡོད་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༡༡་ཚེས་༡༦་ཉིན་པེ་ཅིང་དུ་བཅའ་སྡོད་ནུབ་ཕྱོགས་རྒྱལ་ཁབ་བཅོ་ལྔའི་གཞུང་ཚབ་པ་ཚོས་རྒྱ་ནག་གཞུང་ལ་སྙན་ཞུ་ཕུལ་ཏེ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་ལ་ཐུག་འཕྲད་བྱ་དགོས་ཞེས་འབོད་སྐུལ་ཞུས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་ཚོས་ཕུལ་བའི་སྙན་ཞུ་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཞིག་ཡིན་ཞིང་། འདི་ནི་ཁོ་ཚོའི་ལས་འགན་ལ་མ་འཚམས་པ་ཞིག་རེད་ཅེས་སྙན་ཞུ་དེར་དགའ་མོས་མེད་པའི་རྣམ་འགྱུར་བསྟན།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱང་གིས་གསར་འགོད་པ་ཚོར་བརྗོད་དོན། ངས་ནུབ་ཕྱོགས་རྒྱལ་ཁབ་བཅོ་ལྔའི་གཞུང་ཚབ་པ་ཚོས་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་ལ་ཕུལ་བའི་ཐུན་མོང་གི་སྙན་ཞུ་དེ་མཐོང་མ་བྱུང་། ཡིན་ནའང་ཕྱི་རྒྱལ་གྱི་གཞུང་ཚབ་པ་དེ་དག་གིས་རང་གི་ལས་འགན་གྱི་ཚད་གཞི་ལས་བརྒལ་བ་ཞིག་བྱེད་ཀྱིན་འདུག འདི་ནི་ཝྭི་ཡ་ན་གྲོང་ཁྱེར་དུ་མིང་རྟགས་བཀོད་པའི་རྒྱལ་སྤྱིའི་ཕྱི་འབྲེལ་གྲོས་མཐུན་གྱི་དགོངས་དོན་ལ་རྒྱབ་འགལ་ཡིན་པ་དང་གཞུང་ཚབ་པ་དེ་རྣམས་ཞིན་ཅང་ལ་གཟིགས་ཞིབ་ཏུ་ཕེབས་ན་དགའ་བསུ་ཡོད། གལ་སྲིད་ཁོ་ཚོས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོར་གནོན་ཤུགས་སྤྲོད་རྒྱུའི་ཀུན་སློང་བཅངས་ཡོད་པ་ཡིན་ན་དཀའ་ངལ་འཕྲད་ངེས་ཡིན། གཞུང་ཚབ་པ་དེ་དག་གི་ལས་འགན་གཙོ་བོ་ནི་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དང་རྒྱ་ནག་ལ་རྒྱུས་ལོན་བྱ་རྒྱུ། རྒྱ་ནག་དང་འབྲེལ་ཡོད་རྒྱལ་ཁབ་ཁག་གི་ཡིད་ཆེས་གོང་མཐོར་གཏོང་དགོས་པ་དེ་ཡིན། དཀྲོག་གཏམ་སྒྲོགས་རྒྱུ་དང་ནུས་པ་ཐོན་མི་ཐུབ་པའི་དགོས་འདུན་འདོན་རྒྱུ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་རྣམས་ཀྱི་ལས་འགན་མིན་ཞེས་བསྒྲགས།

ནུབ་ཕྱོགས་རྒྱལ་ཁབ་བཅོ་ལྔའི་གཞུང་ཚབ་པ་དེ་དག་གི་འགོ་ཁྲིད་ཁེ་ན་ཌའི་གཞུང་ཚབ་པ་ཡིན་པ་དང་། ཁོ་ཚོས་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་ལ་ཐུག་འཕྲད་བྱ་དགོས། ཞིན་ཅང་གི་ཡུ་གུར་བ་འབུམ་ཕྲག་མང་པོ་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པ་མཚམས་འཇོག་བ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་འཇིགས་སྐུལ་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་པ། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་པ་རེད། ཁོ་ཚོས་རྒྱ་ནག་ལ་ཟིང་འཁྲུག་བསླངས་ནས་མི་རིགས་མཐུན་སྒྲིལ་དང་རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་གཏོར་བརླག་བྱེད་ཀྱིན་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་མཁས་པ་དང་ཉམས་ཞིབ་པ་ཚོས་དྲང་བདེན་མིན་པའི་སྙན་ཐོ་བཏོན་ཏེ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པ་དང་མི་ཚོགས་བཀག་ཉར་བྱེད་ཀྱིན་འདུག རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་པར་ཆས་བཙུགས་པ་དང་ཁ་པར་ཐོ་འགོད་བྱས་ནས་ལྟ་རྟོག་ནན་པོ་བྱེད་ཀྱིན་འདུག་ཅེས་སྙན་ཐོ་བཏོན་པ་འཁྱོག་བཤད་ཁོ་ན་རེད་ཅེས་དགག་པ་རྒྱག་གི་ཡོད། འོན་ཀྱང་ལོ་འདིའི་ཕྱི་ཟླ་༨་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་གིས་ཁུངས་ལྡན་གྱི་གནས་ཚུལ་ལ་གཞི་བཅོལ་ཏེ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཙམ་བཀག་ཉར་བྱེད་ཡོད་ཅིང་། རྒྱ་ནག་གཞུང་གིས་བཀག་ཉར་ཁང་དང་ཡུ་གུར་བ་རྣམས་བཀག་ཉར་བྱེད་ཡོད་པ་གསང་རྒྱ་དམ་པོ་བྱེད་ཀྱིན་འདུག་ཅེས་སྙན་ཐོ་བཏོན།

ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་ལ་སྙན་ཞུ་འབུལ་མཁན་ཕྱི་རྒྱལ་གྱི་གཞུང་ཚབ་པ་དེ་རྣམས་ཁེ་ན་ཌ་དང་དབྱིན་ཇི། ཧྥ་རན་སི་དང་སུད་ཛར་ལན་ཌི། ཡུ་རོབ་མཉམ་འབྲེལ་དང་འཇར་མན་ཎི། ཌ་ཆི་དང་ཨོ་གླིང་རྒྱལ་ཁབ། ཨར་ལན་ཌི་དང་སུད་ཌན། བྷེལ་ཇེམ་དང་ནོར་ཝེ། ཨེ་སི་ཊོ་ཎི་ཡ་དང་ཧྥིན་ལན་ཌི། ཌན་མག་བཅས་ཡིན་ཞིང་། གཞུང་ཚབ་པ་དེ་དག་གི་སྙན་ཞུ་དེར་ཞིན་ཅང་གི་ཡུ་གུར་བ་ཧ་ཅང་མང་པོ་ཞིག་བཀག་ཉར་བྱེད་ཡོད་པའི་གནས་ཚུལ་ཐོན་གྱི་ཡོད་པར་བློ་འཚབ་ཆེན་པོ་ཡོད། དེར་བརྟེན་ང་ཚོས་ཞིན་ཅང་གི་གནས་སྟངས་ངོ་མར་རྒྱུས་ལོན་བྱེད་པར་ཁྲེན་ཆོན་གོ་ལ་གང་མགྱོགས་ཐུག་འཕྲད་གྲོས་མོལ་བྱ་དགོས། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བློ་འཚབ་ཡོད་པ་སེལ་ཐུབ་པའི་རེ་བ་ཡོད་ཅེས་བཀོད་པར་མ་ཟད། སྙན་ཞུ་དེའི་ངོ་བཤུས་ཤིག་རྒྱ་ནག་ཕྱི་སྲིད་ལྷན་ཁང་དང་རྒྱ་ནག་གི་སྤྱི་བདེ་ལྷན་ཁང་བཅས་ལ་ཕུལ་ཡོད་པ་དང་། དེང་སྐབས་ཨ་མི་རི་ཀའི་སྲིད་གཞུང་གིས་རྒྱ་ནག་ལ་ཐད་ཀར་ཞིན་ཅང་གི་ཡུ་གུར་པའི་གནད་དོན་གླེང་སློང་བྱེད་ཀྱི་མེད་རུང་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་སུ་ཞིན་ཅང་གི་ཡུ་གུར་བའི་བདེ་སྡུག་ལ་སེམས་ཁུར་དང་ཞིན་ཅང་གི་ཡུ་གུར་བའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་སྟེ། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་གོང་མས་ཁྲིམས་འཆར་ཞིག་བཏོན་ནས་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་ལ་ཡུ་གུར་བའི་གནད་དོན་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།།

XS
SM
MD
LG