ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིའི་གྲོས་ཚོགས་སུ་ཡུ་གུར་བར་རྒྱབ་སྐྱོར་ཇེ་ཆེ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།ཕྱི་ཟླ་༡༡་ཚེས་༡༤་ཉིན་ཨ་རིའི་གྲོས་ཚོགས་གོང་མར་ཁྲིམས་འཆར་ཞིག་བཏོན་ཏེ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་དེར་ཨ་མི་རི་ཀས་ངོ་རྒོལ་བྱ་དགོས། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་བདེ་འཇགས་སྲུང་སྐྱོབ་ཀྱི་ཡོ་བྱད་ཕྱིར་ཚོང་བྱེད་ཀྱི་ཡོད་པ་བཀག་འགོག་བྱ་དགོས། ཞིན་ཅང་གི་ཡུ་གུར་བ་བཀག་ཉར་དེར་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་ཨ་མི་རི་ཀར་ཡོང་མི་ཆོག་པ་དང་ཨ་མི་རི་ཀའི་ས་ཐོག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག་པ་སོགས་ཀྱི་ཐབས་ཇུས་འགའ་ཞིག་བཏོན་ཏེ་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་སུ་ཞིན་ཅང་གི་ཡུ་གུར་བ་ཚོར་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་སོང་འདུག

ཨ་རིའི་གྲོས་ཚོགས་གོང་མར་བཏོན་པའི་ཁྲིམས་འཆར་དེར་རྒྱལ་སྤྱིའི་ལས་སྣེ་ཁག་དང་ཉམས་ཞིབ་པ་ཚོས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཙམ་བཀག་ཉར་བྱེད་ཡོད་པ་ནི་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱུག་པ་ལེབ་རྡུང་གི་རྡོག་བརྫིས་བཏང་བ་ཞིག་ཡིན་ཞིང་། འདི་ནི་ལོ་བཅུ་ཕྲག་འགའ་ཞིག་ལ་བྱུང་མྱོང་མེད་པ་རེད་ཅེས་སྐྱོན་འཛུགས་བྱས་པ་རྣམས་བཀོད་འདུག ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཡུ་གུར་བ་བཀག་ཉར་བྱས་ཡོད་པ་དེའི་ཐོག་ཏུ་རྒྱ་ནག་ལ་ཁ་གཏད་ནན་པོ་གཅོག་དགོས་ཞེས་སྐུལ་ལྕག་གཏོང་གི་ཡོད་པར་མ་ཟད། རྒྱ་ནག་གིས་ཚོང་ལས་དྲང་མཉམ་བྱེད་ཀྱི་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཐ་ཞན་ཡོད་པ། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་གི་དམག་ཤུགས་རྒྱ་སྐྱེད་གཏོང་གི་ཡོད་པ་བཅས་ལ་ཨ་རིའི་སྲིད་གཞུང་གི་ནང་ཁུལ་དུ་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་ཞེས་སྐུལ་ལྕག་གཏོང་མཁན་མང་དུ་འགྲོ་བཞིན་ཡོད་ཅིང་། ཟླ་བ་རྗེས་མའི་ཚེས་ཤར་དེར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་ལ་སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཡུ་གུར་བའི་གནད་དོན་ཐོག་ཏུ་བཀའ་མོལ་ནན་པོ་གནང་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།

​ ཨ་རིའི་ཕྱི་སྲིད་དྲུང་ཆེ་གཙོས་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་འབུམ་ཕྲག་མང་པོ་བཀག་ཉར་བྱས་འདུག གཅིག་བྱས་ན་ཡུ་གུར་བ་ས་ཡ་གཅིག་ཙམ་བཀག་ཉར་བྱེད་ཡོད་སྲིད་པའི་དོགས་པ་ཡོད་ཅེས་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་ལག་ཤེས་སློབ་སྦྱོང་སྤྲོད་རྒྱུའི་ཆེད་དུ་སློབ་གྲྭ་ཚུགས་ཡོད། ལག་ཤེས་སློབ་གཉེར་ཁང་རྣམས་བཀག་ཉར་ཁང་མིན་ཞེས་འགྲེལ་བཤད་ཐ་དད་ཅིག་རྒྱག་གི་ཡོད་ཅིང་། ཞིན་ཅང་གི་བཀག་ཉར་ཁང་དུ་ཚུད་པའི་མི་ཚོས་ལག་ཤེས་སློབ་གྲྭ་ཡིན་ཟེར་པ་དེ་རྣམས་བཀག་ཉར་ཁང་དང་བཙོན་ཁང་ཡིན་པ་དང་། བཀག་ཉར་ཁང་དེར་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ། ཁ་ཆེའི་གྲངས་ཉུང་མི་རིགས་གཞན་རྣམས་བཀག་ཉར་བྱས་ནས་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པ། རྒྱ་ནག་རྒྱལ་ཁབ་བཅས་ལ་ཡུ་གུར་བ་ཚོས་དགའ་ཞེན་བྱས་ནས་བཀའ་དྲིན་བསམ་ཤེས་བྱ་དགོས། ཞིན་ཅང་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པ་དང་ཡུ་གུར་བ་ཚོ་རྒྱ་ནག་གི་སྤྱི་དམངས་ཡིན་པའི་འདུ་ཤེས་འཛིན་དགོས། ཡུ་གུར་བ་ཚོས་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་བཅས་ལ་ངོ་རྒོལ་བྱ་དགོས། ཡུ་གུར་བ་ཚོས་རྒྱ་ཡིག་རྒྱ་སྐད་སྦྱངས་ནས་རྒྱ་མི་རིགས་ལ་འགྱུར་དགོས་ཞེས་ཆབ་སྲིད་ཀྱི་སློབ་གསོ་གཏོང་གི་འདུག ང་ཚོར་ཉིན་མཚན་དུས་དྲུག་ལ་པར་ཆས་བཙུགས་ཏེ་ལྟ་རྟོག་བྱས་ནས་འགུལ་སྤྱོད་ཀྱི་རང་དབང་མེད་པ་དང་། ང་ཚོས་ཉིན་ལྟར་རྒྱ་ནག་གི་རྒྱལ་དར་བསྒྲེངས་ནས་ཞིས་ཅིན་ཕིང་ལ་བསྟོད་བསྔགས་དང་རྒྱ་ནག་གཞུང་ལ་བསྟོད་བསྔགས། རྒྱ་ནག་དམར་ཤོག་ཚོགས་པར་བསྟོད་དབྱངས་མ་བླངས་བར་དུ་བཟའ་བཏུང་མི་སྤྲོད། ཞིན་ཅང་གི་ཡུ་གུར་བ་མང་པོ་ཞིག་ལ་བཀག་ཉར་ཁང་དུ་ལྕགས་སྒྲོག་བརྒྱབ་པ་དང་ཆུ་ཚོད་མང་པོར་རྐུབ་བཀྱག་ལ་བཏགས་པ། ཆུ་བཀག་པ་དང་གཉིད་བཀག་ནས་མནར་གཅོད་དྲག་པོ་གཏོང་གི་འདུག་ཅེས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ཉམས་མྱོང་བརྗོད་འདུག

རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་ནོན་སྡོམ་བྱེད་པའི་ཐབས་ལམ་གཞན་པ་ཞིག་ནི་ཁང་པའི་ཕྱི་ནང་གཉིས་དང་སྲང་ལམ་ཡོད་དོ་ལྕོག་ལ་པར་ཆས་བཙུགས། ཡུ་གུར་བའི་ཁ་པར་རྣམས་ས་གནས་ཉེན་རྟོག་ལས་ཁང་ཁག་ལ་ཐོ་འགོད། ཡུ་གུར་བའི་སྐྱེས་པ་ཚོའི་ཁྲག་གི་དཔེ་མཚོན་དང་མིག་གི་ཁ་མདོག མཛུབ་ཐེལ་དང་མིའི་རྒྱུད་རྒྱུ་རྣམས་བླངས་ནས་ས་གནས་གི་ཉེན་རྟོག་ལས་ཁང་ཁག་གིས་ཉར་འཛིན་བྱས་པ། རྒྱ་གཞུང་གི་ལས་བྱེད་པ་ཁྲི་ཚོ་མང་པོ་ཞིན་ཅང་གི་ཡུ་གུར་བའི་ཁྱིམ་ཚང་ཁག་ལ་བཏང་ནས་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་ལ་དགའ་ཞེན་བྱ་དགོས་པའི་སློབ་གསོ་གཏོང་བའམ། ཡང་ན་ཞིན་ཅང་གི་ཡུ་གུར་བའི་བསམ་བློའི་འཁྱེར་བཟོ་དང་ལྟ་བ་འཛིན་སྟངས། ཡུ་གུར་བའི་ཁྱིམ་ཚང་ཁག་ཁ་ཆེའི་ཆོས་ལུགས་ཀྱི་བཀའ་དེབ་ཡོད་མེད། ཁོ་ཚོས་འཇིགས་སྐུལ་རིང་ལུགས་པའི་དྲིལ་བསྒྲགས་ཡིག་ཆ་སོགས་ལ་ལྟ་ཉན་བྱེད་ཀྱི་ཡོད་མེད་ལ་རྟོག་ཞིབ། ཡུ་གུར་བ་ཚོ་ལྷ་ཁང་ལ་སོང་ནས་ཕྱག་འཚལ་བ་དང་ཁ་འདོན་བྱེད་པ། སྨྱུང་གནས་སྲུང་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ། སྐྱེས་པ་ཚོས་རྒྱ་དང་ཁ་སྤུ་འཇོག་མི་ཆོག་པ། བུད་མེད་ཚོས་མགོ་རས་དཀྲིས་ནས་གདོང་འཁེབས་བརྒྱབ་སྟེ་ཁ་ཆེའི་ཆ་ལུགས་འཛིན་ཆོག་གི་མེད་པ་རེད།

ཨ་རིའི་གྲོས་ཚོགས་གོང་མས་བཏོན་པའི་ཁྲིམས་འཆར་དེར་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་འཛིན་བཟུང་བྱས་ནས་རྒྱ་ནག་ལ་ཕྱིར་སློག་བྱེད་ཀྱི་ཡོད་པར་ཨ་རིའི་དབུས་གསང་བའི་ལས་ཁང་གིས་ཞིབ་འཇུག་བྱ་དགོས་ཞེས་བཀོད། འདི་ནི་ཞིན་ཅང་གི་ཡུ་གུར་བ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱེད་མཁན་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀས་ཉེས་ཆད་གཅོད་སྲིད་པའི་བརྡ་ཞིག་བཏང་བ་ཞིག་ཡིན་སྲིད། ད་དུང་ཨ་མི་རི་ཀའི་སྤྱི་དམངས་ཡིན་པ་དང་ཨ་མི་རི་ཀར་གཏན་སྡོད་ཆོག་པའི་ཡུ་གུར་བ་ཚོར་རྒྱ་ནག་གཞུང་གིས་སྡིགས་ར་སྐུལ་གྱི་ཡོད་མེད་ལ་ཨ་མི་རི་ཀའི་དབུས་ཞིབ་གཅོད་ལས་ཁང་གིས་ཞིབ་འཇུག་བྱ་དགོས། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཙམ་དྲང་བདེན་མིན་པར་བཙོན་འཇུག་བྱེད་ཡོད་པ་དེར་སྲིད་འཛིན་ཌོ་ནལ་ཊམ་གྱིས་མཐོང་ཐོས་མ་བྱུང་བའི་རྣམ་འགྱུར་བསྟན་ན་འགྲིག་ཐབས་མེད། ཨ་རིའི་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་བདེ་སྡུག་དོན་དུ་རྒྱ་ནག་ལ་རྣམ་འགྱུར་གསལ་བོ་སྟོན་དགོས་ཞེས་བཀོད། ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་འཆར་དེར་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་བཅས་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG