ངོ་འཕྲད་བདེ་བའི་དྲ་འབྲེལ།

འབྲི་ཆུ་འགགས་ནས་སྤོ་ལུ་དགོན་པ་བསྣུབས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལོ་འབྲི་ཆུའི་གཡས་གཡོན་གཉིས་ཀྱི་རི་ཉིལ་ཏེ་ཆུ་རྒྱུན་བཀག མཚོ་འཁྱིལ་ཏེ་འབྲི་ཆུའི་འགྲམ་དུ་ཆགས་པའི་འཇོ་མདའ་སྤོ་ལུ་གྲོང་ཚོའི་ཡུལ་དགོན་གཉིས་ལ་རང་བྱུང་གི་གནོད་འཚེ་ཚབས་ཆེན་ཐེབས་པ་དང་མི་དམངས་ལ་དཀའ་ངལ་ཆེན་པོ་ཕྲད་འདུག

ཕྱི་ཚེས་༡༢་ཉིན་ལོ་རྒྱུས་ཡུན་རིང་ལྡན་པའི་སྤོ་ལུ་དགོན་པའི་འདུ་ཁང་དང་མཆོད་རྟེན་སོགས་ཆུ་ནང་དུ་ནུབ་པའི་བརྙན་རིས་རྣམས་དྲྭ་ལམ་དུ་ཡོངས་གྲགས་སུ་ཁྱབ་འདུག་ཅིང་། བོད་ཕྱི་ནང་གཉིས་ཀྱི་གངས་ཅན་པ་ཇི་སྙེད་ཅིག་གིས་ཕངས་སེམས་ཆེན་པོ་དང་སྤོ་ལུ་དགོན་གྲོང་གཉིས་ཀྱི་མི་མང་སེར་སྐྱ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་པ་སྤྱི་ཚོགས་དྲྭ་ལམ་དུ་མཐོང་ཐོས་འབྱུང་ཐུབ།

རྒྱ་གར་དུ་གནས་སྡོད་སྤོ་ལུ་དགོན་པའི་གྲྭ་བ་ཉི་མ་རྒྱལ་མཚན་ལགས་ཀྱིས་འབྲི་ཆུ་འགགས་པའི་རྐྱེན་གྱིས་སྤོ་ལུ་དགོན་པའི་བཤད་གྲྭ་དང་སྒྲུབ་གྲྭ དེ་བཞིན་གྲྭ་ཤག་དང་འདུ་ཁང་བཅས་པ་བརྒྱ་ཆ་༩༦་ཙམ་བསྣུབས་འདུག་ཅེས་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་བྱུང་།

འབྲི་ཆུ་འགགས་ཏེ་མཚོ་འཁྱིལ་བ་དེར་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་པ་ལྟར་ན་ཕྱི་ཟླ་༡༡་ཚེས་༡༢་ཉིན་གྱི་མཚན་གུང་དེར་འབྲི་ཆུ་གློད་འགོ་ཚུགས་རྒྱུ་ཡིན་ཞེས་སྔོན་ནས་ཁྱབ་བསྒྲགས་བྱས་པ་ལྟར་འཁྱིལ་མཚོ་གློད་འགོ་ཚུགས་ཤིང་། དེའི་རྗེས་སུ་འབྲི་ཆུའི་འདབས་ལ་ཆགས་པའི་དཔལ་ཡུལ་སོགས་སུའང་སྤོ་ལུ་ཤང་དུ་དཀའ་ངལ་འཕྲད་པ་ཇི་བཞིན་ས་ཞིང་དང་ཁང་པ། རྒྱ་ལམ་སོགས་ཆུ་ནང་དུ་ནུབ་པའི་བརྙན་པར་རྣམས་དྲྭ་ལམ་དུ་མཐོང་རྒྱུ་འདུག

རྒྱ་གཞུང་གི་གསར་འགྱུར་འབྱུང་ཁུངས་ཁག་ཏུ་གནས་ཚུལ་འཁོད་པ་ལྟར་ན་ཕྱི་ཚེས་༡༣་ཉིན་འཁྱིལ་མཚོའི་གོད་ཆག་གི་རྐྱེན་གྱིས་མི་༦༧༤༩༤་ཛ་དྲག་གིས་གནས་སྤོར་བྱེད་དུ་འཇུག་དགོས་བྱུང་འདུག མི་མང་གནས་སྤོར་པ་རྣམས་ནི་བོད་རང་སྐྱོངས་ལྗོངས་དང་ཟི་ཁྲོན་ཞིང་ཆེན། ཡུ་ནན་ཞིང་ཆེན་བཅས་ལྗོངས་ཞིང་གསུམ་གྱི་ཁོངས་གཏོགས་སུ་ཡོད་འདུག

གོང་གི་གནས་ཚུལ་ཁག་དང་བརྙན་པར་རྣམས་རྒྱ་ནག་གི་ཝི་ཞིན་དྲྭ་ལམ་དུ་བཀོད་ཡོད་པར་མ་ཟད། རྒྱ་ནག་གི་ཛ་དྲག་སྟངས་འཛིན་ལས་ཁུངས་ཀྱི་གཞུང་འབྲེལ་དྲྭ་ཐོག་ཏུའང་བཀོད་འདུག རྒྱ་ནག་གི་གཞུང་འབྲེལ་གནས་ཚུལ་སྤེལ་དོན་ལ་དཀར་མཛེས་རྫོང་སྲིད་གཞུང་གིས་མི་མང་མྱུར་སྐྱོབ་ཆེད་དུ་མྱུར་སྐྱོབ་དམག་དང་ནུས་ཤུགས་ཆེ་བའི་འཕྲུལ་ཆས་རྣམས་གྲ་སྒྲིག་བྱས་འདུག

ཨ་རིའི་རླུང་འཕྲིན་ཁང་ལ་སྤོ་ལུ་དགོན་པའི་གྲྭ་བ་ཉི་མ་རྒྱལ་མཚན་ལགས་ཀྱིས་༢༠༠༦ ཡས་མས་སུ་སྤོ་ལུ་ཡུལ་དགོན་གཉིས་གནས་སྤོར་བྱ་དགོས་པའི་སྲིད་བྱུས་ཞིག་བསྒྲགས་ཀྱང་ད་སྔ་ལག་བསྟར་བྱས་མ་སོང་། རྒྱ་ནག་གཞུང་གིས་སྤོ་ལུ་ཡུལ་དགོན་གཉིས་ལ་རོགས་རམ་བྱེད་ཀྱི་ཡོད་པ་མཐོང་ཐོས་བྱུང་མ་སོང་། བླ་གྲྭ་རྣམ་པ་སྤོ་ལུའི་ཉེ་འགྲམ་གྱི་སྤང་ཐོག་ཏུ་གནས་སྐབས་རིང་གནས་སྡོད་བྱེད་བཞིན་འདུག དགོན་པར་ལྟ་རྟོགས་བྱེད་མཁན་གྲྭ་བ་འགའ་རེ་ལས་འཇོག་ཆོག་གི་མེད་པ་དང་། ད་ལྟའི་སྐབས་སུ་གཞུང་གིས་རོགས་རམ་སྤྲོད་རྒྱུ་གླེང་སློང་བྱེད་ཀྱི་ཡོད་པ་ཅི་ཡང་གོ་ཐོས་མི་འདུག་ཅེས་གསུངས་བྱུང་།

སྤོ་ལུ་དགོན་པ་ནི་དཔལ་ལྡན་ས་སྐྱ་པའི་ཆོས་རྒྱུད་འཛིན་པའི་དགོན་རྙིང་ཞིག་ཡིན་ཞིང་། ཐོག་མར་ས་སྐྱའི་གོང་མ་རྣམ་ལྔའི་ཐུགས་སྲས་ཤིག་གིས་ཕྱག་བཏབ། འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ལ་ཕེབས་སྐབས་སུ་སྤོ་ལུ་དགོན་པར་རབ་གནས་མཛད་དེ་རྟེན་གཙོ་རྩ་ཆེན་གཉིས་བསྩལ། སྤོ་ལུ་དགོན་པའི་བླ་མ་གཙོ་བོ་ནི་སྤོ་ལུ་སྤྲུལ་སྐུ་ཡིན་ཞིང་། ད་ལྟ་སྤོ་ལུ་སྤྲུལ་སྐུའི་ཡང་སྲིད་མཆོག་གིས་རྒྱ་གར་དུ་གསན་བསམ་གྱི་བསླབ་པ་སློབ་གཉེར་གནང་མུས་སུ་མཆིས། དགོན་པ་དེར་ཆོས་ལུགས་རིས་སུ་མ་མཆེད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་དུ་མ་ཞིག་གིས་ཞབས་ཀྱིས་བཅགས་མྱོང་ཡོད་ཅིང་། མདོར་ན་བོད་མདོ་དབུས་ཁམས་གསུམ་དུ་ཆོས་ལུགས་རིས་མེད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བྱ་ཡུལ་ཞིག་ཡིན་འདུག ཉེ་ཆར་འབྲི་ཆུ་འགགས་ནས་གནོད་འཚེ་མ་ཐེབས་གོང་དེར་སྤོ་ལུ་དགོན་པར་བླ་གྲྭ་༡༣༠་ནས་༡༤༠་ཡས་མས་ཤིག་བཞུགས་འདུག

དགོན་པའི་ནང་རྟེན་གཙོ་བོ་སྐུ་གསུང་ཐུགས་རྟེན་རྩ་ཆེན་འགའ་ཞིག་སྐྱོབ་ཐུབ་ཡོད་ཀྱང་སྐུ་ཚད་མཐོ་བའི་གུ་རུའི་སྐུ་དང་ཇོ་བོ་ཡིད་བཞིན་ནོར་བུའི་སྐུ་འདྲ་གསར་པ་རྣམས་སྐྱོབ་ཐུབ་མེད་པ་གནས་ཚུལ་འབྱུང་ཡོངས་ཀྱིས་འགྲེལ་བཤད་གནང་སོང་།

རྒྱ་གར་དུ་ཚུགས་པའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱིས་སྤོ་ལུ་ཡུལ་དགོན་གཉིས་ལ་གོད་ཆག་ཆེན་པོ་བྱུང་བར་གདུང་སེམས་མཉམ་སྐྱེད་དང་སེམས་སྐུལ་གྱི་གསལ་བསྒྲགས་ཤིག་སྤེལ་པ་དེར་འཁོད་དོན། ད་ལྟ་གནོད་ཐེབས་མང་ཚོགས་ཀྱི་ལུས་སེམས་གཉིས་ལ་འཇིགས་སྣང་དང་ཡིད་གདུང་ཚད་མེད་ཅིག་མྱོང་བཞིན་ཡོད་ཀྱང་ངེད་ཅག་མུ་མཐུད་དུ་འཚོ་དགོས། བུ་རབས་ཚ་རྒྱུད་ཀྱི་འབྱུང་འགྱུར་ལའང་ཐུགས་བསམ་བཞེས་དགོས། ཁྱེད་རྣམ་པས་འཕྲོད་བསྟེན་དང་ལུས་སེམས་བདེ་ཐང་ལ་ཅིས་ཀྱང་གཟབ་ནན་གནང་རོགས། ཁ་དྲོ་ཞེས་འཁོད་འདུག་གོ

XS
SM
MD
LG