ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་ཛོ་ན་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི།


༄༅།། འདས་པའི་ལོ་༣༠་ལྷག་ལ་ཨ་མི་རི་ཀའི་ཨ་རི་ཛོ་ན་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་དམངས་གཙོ་ཚོགས་པར་ཐོབ་མྱོང་མེད་ཅིང་། ད་ལོའི་བར་མའི་འོས་བསྡུའི་སྐབས་སུ་ཨ་རི་ཛོ་ན་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་གི་ས་མིག་དེ་དམངས་གཙོ་ཚོགས་པའི་འོས་མི་ཀི་རི་སི་ཊེན་སིན་མ་ལ་ཐོབ། ཁོང་གི་ཁ་གཏད་པ་སྤྱི་མཐུན་ཚོགས་པའི་འོས་མི་མར་ཐ་མེཀ་སེ་ལིས་ཀྱང་འོས་འདེམས་ཀྱི་གྲུབ་འབྲས་ཁས་བླངས། འདི་ནི་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་པ་ཤུགས་ཆེན་ཡོད་སའི་མངའ་སྡེ་ཞིག་ཏུ་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འོས་མི་ཞིག་ལ་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་པ་ཞིག་ཡིན་རུང་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཧྥུ་ལོ་རི་ཌའི་གྲོས་ཚོགས་གོང་མའི་འཐུས་མི་དང་མངའ་སྡེ་སྤྱི་ཁྱབ་འོས་འདེམས་ཀྱི་གྲུབ་འབྲས་གཉིས་ད་དུང་ཡང་ཐག་ཆོད་མེད། སྲིད་འཛིན་ཌོ་ནལ་ཊམ་ལ་ཁུངས་སྐྱེལ་ར་སྤྲོད་མེད་པར་ཧྥུ་ལོ་རི་ཌ་མངའ་སྡེའི་འོས་ཤོག་རྣམས་ཚང་མེད་པའམ། ཡང་ན་འོས་ཤོག་རྫུན་མ་འཕངས་འདུག ཧྥུ་ལོ་རི་ཌ་མངའ་སྡེ་གཞུང་གི་འོས་འདེམས་ལས་སྣེ་ཚོས་འོས་ཤོག་བསྐྱར་དུ་གྲངས་ཀ་རྒྱག་རྒྱུ་འཕྲལ་དུ་མཚམས་འཇོག་བྱ་དགོས། སྤྱི་མཐུན་ཚོགས་པའི་འོས་མི་གཉིས་ལ་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་པའི་ཁྱབ་བསྒྲགས་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

ཨ་རི་ཛོ་ན་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་གི་ས་མིག་དེ་དམངས་གཙོ་ཚོགས་པར་ཐོབ་ཀྱང་ཨ་རིའི་གྲོས་ཚོགས་གོང་མར་སྤྱི་མཐུན་ཚོགས་པར་འཐུས་མི་གྲངས་མང་གི་གདན་གྲངས་ཐོབ་ཡོད་པར་འགྱུར་བ་ཐེབས་རྒྱུ་མིན་ཞིང་། ད་ལོའི་བར་མའི་འོས་འདེམས་རྗེས་སུ་སྤྱི་མཐུན་ཚོགས་པར་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཉུང་མཐར་ཡང་འཐུས་མི་༥༡་དང་དམངས་གཙོ་ཚོགས་པར་འཐུས་མི་༤༧་གྱི་གདན་གྲངས་ཐོབ་ཡོད་པར་མ་ཟད། ཧྥུ་ལོ་རི་ཌ་དང་མི་སི་སི་ཕི་མངའ་སྡེ་གཉིས་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་འོས་འདེམས་ཀྱི་གྲུབ་འབྲས་རྣམས་ཐག་ཆོད་པའི་རྗེས་སུ་སྤྱི་མཐུན་ཚོགས་པར་སླར་ཡང་ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་རེ་ཟུང་ཞིག་གི་ས་མིག་འཐོབ་སྲིད། ཧྥུ་ལོ་རི་ཌ་མངའ་སྡེའི་བཅའ་ཁྲིམས་ལྟར་ན་འོས་འདེམས་ཀྱི་གྲུབ་འབྲས་གང་ཞིག་ལ་འོས་ཤོག་མང་ཉུང་བརྒྱ་ཆ་ཕྱེད་ཀ་ཙམ་གྱི་ཁྱད་པར་ལས་མེད་ཚེ། མངའ་སྡེ་དེའི་རྫོང་ཁག་ཡོངས་སུ་མི་དམངས་ཀྱིས་འཕངས་པའི་འོས་ཤོག་རྣམས་བསྐྱར་དུ་གྲངས་ཀ་རྒྱག་དགོས། དཔེར་ན་ཕྱི་ལོ་༢༠༠༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ལ་ཁྱད་པར་ཆེན་པོ་ཞིག་བརྒྱུགས་མེད་པར་བརྟེན། ལོ་དེར་ཧྥུ་ལོ་རི་ཌ་མངའ་སྡེ་ཡོངས་སུ་སྲིད་འཛིན་འོས་འདེམས་ལ་འཕངས་པའི་འོས་ཤོག་རྣམས་བསྐྱར་དུ་གྲངས་ཀ་ཐེངས་འགའ་ཞིག་བརྒྱབ། མཐར་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་འཇོར་ཇི་བྷུ་ཤིར་སྐབས་དེའི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ།

Brenda Snipes, Broward County supervisor of elections, right, speaks with officials before a canvassing board meeting Nov. 9, 2018, in Lauderhill, Fla. Florida will learn Saturday afternoon whether there will be recounts in the U.S. Senate race between R
Brenda Snipes, Broward County supervisor of elections, right, speaks with officials before a canvassing board meeting Nov. 9, 2018, in Lauderhill, Fla. Florida will learn Saturday afternoon whether there will be recounts in the U.S. Senate race between R

༢༠༡༨་ལོའི་ཨ་རིའི་བར་མའི་འོས་བསྡུའི་སྐབས་སུ་ཧྥུ་ལོ་རི་ཌ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་གཅིག་གི་ས་མིག་དེར་དམངས་གཙོ་ཚོགས་པའི་འཐུས་མི་ལས་ཐོག་བྷིལ་ནལ་སེན་དང་། ད་ལྟ་འཕོ་འགྱུར་འགྲོ་ལ་ཉེ་བའི་ཧྥུ་ལོ་རི་ཌི་མངའ་སྡེའི་སྤྱི་ཁྱབ་པ་རིཀ་སི་ཀོ་ཊི་གཉིས་འགྲན་ཞུགས་བྱས་ཡོད། གྲོས་ཚོགས་གོང་མའི་འཐུས་མི་འོས་འདེམས་ཀྱི་གྲུབ་འབྲས་དེར་འོས་ཤོག་ཁྲི་ཚོ་གཅིག་ཡས་མས་ཤིག་གི་ཁྱད་པར་ལས་མེད་པས་ཧྥུ་ལོ་ཌི་རི་མངའ་སྡེའི་གཞུང་གིས་འོས་ཤོག་ཚང་མ་ཐེངས་གཅིག་འཕྲུལ་ཆས་ཀྱིས་གྲངས་ཀ་བརྒྱབ་ཟིན། ད་དུང་ཡང་འོས་ཤོག་ཚང་མ་གྲངས་ཀ་ཐེངས་གཅིག་རྒྱག་རྒྱུ། མི་མང་གིས་ཡིག་ཟམ་བརྒྱུད་ནས་བསྐུར་པའི་འོས་ཤོག་རྣམས་ལ་སྒུག་སྟེ་ཧྥུ་ལོ་རི་ཌ་མངའ་སྡེའི་མི་དམངས་ཀྱིས་འཕངས་པའི་འོས་ཤོག་རྣམས་རྩིས་མེད་མི་འགྲོ་བའི་ཐབས་སུ་བརྩོན། ད་ལོའི་འོས་འདེམས་རྗེས་སུ་དམངས་གཙོ་ཚོགས་པར་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་གྲངས་མང་གི་གདན་གྲངས་ཐོབ་ཀྱང་གྲོས་ཚོགས་གོང་མའི་ནང་དུ་འཐུས་མི་ཁག་ཅིག་གི་ས་མིག་ཤོར་ཟིན།

བདུན་ཕྲག་སྔོན་མའི་ཨ་རིའི་བར་མའི་འོས་བསྡུའི་གྲུབ་འབྲས་དེས་སྤྱི་མཐུན་ཚོགས་པས་ལོ་གཉིས་ལ་ཕོ་བྲང་དཀར་པོ་དང་གྲོས་ཚོགས་གོང་འོག་གཉིས་ལ་དབང་སྒྱུར་བྱས་པའི་དུས་སྐབས་མཇུག་བསྒྲིལ། དེར་བརྟེན་༢༠༢༠་ལོར་ཨ་རིའི་སྲིད་འཛིན་འོས་འདེམས་དང་གྲོས་ཚོགས་གོང་འོག་གི་འཐུས་མིའི་འོས་འདེམས་སྐབས་སུ་སྲིད་དོན་ཚོགས་པ་གང་ལ་མི་དམངས་ཀྱིས་རྒྱབ་སྐྱོར་བྱ་འཆར་ཡོད་མེད་ཀྱི་ཁ་ཕྱོགས་ཀྱང་ཅུང་ཙམ་ཤེས་ཐུབ། ཨ་རིའི་མི་དམངས་རྣམས་སྲིད་དོན་ཚོགས་པ་གཅིག་གིས་གྲོས་ཚོགས་གོང་འོག་གཉིས་དང་སྲིད་གཞུང་བཅས་ལ་དབང་སྒྱུར་བྱ་རྒྱུ་དེར་འདོད་མོས་དེ་ཙམ་མེད་པ་སྟེ། ཨ་མི་རི་ཀའི་རྒྱལ་ཁབ་གསར་འཛུགས་བྱས་ནས་བཟུང་སྟེ་ཨ་རིའི་མི་དམངས་ལ་སྲིད་གཞུང་དང་གྲོས་ཚོགས་གོང་འོག་གཉིས་ཀ་སྲིད་དོན་ཚོགས་པ་གཅིག་ལ་དབང་སྒྱུར་བྱེད་དུ་འཇུག་འདོད་མེད་ཅིང་། འདི་ནི་སྲིད་གཞུང་གི་ཡན་ལག་རྣམས་ལྐོག་ཟ་རུལ་སུངས་སུ་མི་འགྱུར་བ་དང་ཁྲིམས་འགལ་དུ་མི་འགྱུར་བ། ཨ་མི་རི་ཀའི་སྲིད་གཞུང་དེ་ཉིད་སྤྱི་དམངས་ལ་འགན་འཁྲི་ལེན་མི་དགོས་པ་ཞིག་ཏུ་མི་འགྱུར་བའི་ཆེད་དུ་རེད་ཅེས་སྲིད་དོན་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG