ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཅོ་ནེ་ས་ཁུལ་དུ་ཆུ་བོ་ཁ་སྒྱུར་ལ་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་མདོ་སྨད་ཅོ་ནེ་བསེ་ཚང་ཡུལ་ཚོའི་མི་མང་གི་འཐུང་ཆུའི་བཞུར་རྒྱུན་གྱི་ཁ་ཕྱོགས་བསྒྱུར་རྒྱུའི་བཀའ་ཁྱབ་བྱས་པར་ས་གནས་མང་ཚོགས་ཀྱིས་མོས་མཐུན་མེད། འདི་ནི་ང་ཚོའི་ཕ་མེས་ཡང་མེས་ཀྱི་དུས་ནས་ཡུལ་ཚོ་འདིའི་གྲོང་ཚོ་མང་པོའི་མི་དང་ཕྱུགས་ཟོག་གི་འཐུང་ཆུ་གཙོ་བོ་ཡིན་པས་གང་བྱུང་དུ་བདག་འཛིན་དང་ཁ་ཕྱོགས་བསྒྱུར་པ་ལ་འདོད་པ་མེད་ཅེས་རྒྱུ་མཚན་བགྲངས་ནས་ངོ་རྒོལ་བྱེད་བཞིན་འདུག

རྒྱ་ནག་གཞུང་གི་སྲིད་འཛིན་ས་ཁུལ་ལྟར་ན་ཀན་སུའུ་ཞིང་ཆེན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ཅོ་ནེ་རྫོང་གི་བསེ་ཚང་ཡུལ་ཚོའི་སྡེ་མི་རྣམས་དང་ཕྱུགས་ཟོག་གི་འཐུང་ཆུ་གཙོ་བོ་དེའི་བཞུར་རྒྱུན་དེ་ཉིད་ཕྱི་ཚེས་བཅུ་༡༡་ཉིན་ཁ་ཕྱོགས་བསྒྱུར་རྒྱུ་ཡིན་ཞེས་ས་གནས་སྲིད་གཞུང་གི་ལས་བྱེད་པ་ཡོང་ནས་བཀའ་ཁྱབ་བཏང་བར་ཡུལ་ཚོའི་སྡེ་མོ་ཚོ་ལས་བྱེད་པ་དེ་དག་གི་མདུན་དུ་འཛོམས་ཏེ་ཐག་གཅོད་དེར་འདོད་པ་མེད་ཅེས་ཞི་བའི་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཞིང་། ལས་བྱེད་པ་དེ་ཚོས་ཁྱེད་ཅག་གིས་ངོ་རྒོལ་བྱ་རྒྱུ་མཚམས་འཇོག་བྱས་ཏེ་སྡེ་བ་ཁག་གི་འཐུས་ཚབ་བདུན་ཙམ་རྫོང་སྲིད་གཞུང་ལ་སོང་ནས་རྒྱུ་མཚན་ཤོད་ཅེས་བཤད་བཞིན་པ་བརྙན་པར་ཞིག་ཡོད་པ་ལས་མཐོང་ཐུབ། བརྙན་པར་ནང་དུ་བོད་ལྭ་གྱོན་པའི་སྡེ་མི་མང་པོ་སར་བསྡད་དེ་འཐུས་མི་བཏང་རུང་བཤད་རྒྱུའི་དོན་སྙིང་གཅིག་ལས་མེད། དེ་ནི་འཐུང་ཆུའི་ཁ་ཕྱོགས་བསྒྱུར་རྒྱུ་དེར་ངོས་ལེན་མེད་པ་དེ་ཡིན་པས་འཐུས་མི་ཁྱེད་ཚོ་དང་མཉམ་དུ་འགྲོ་དགོས་དོན་ཅི་རེད་ཅེས་འདྲི་བཞིན་འདུག ཡང་སྡེ་མི་ཚོས་མི་གཅིག་གིས་བཤད་ཀྱང་མི་བརྒྱས་བཤད་ཀྱང་ཁྱད་པར་མེད། ང་ཚོའི་དགོས་འདུན་ཉག་གཅིག་ནི་མི་དང་ཕྱུགས་ཟོག་གི་འཐུང་ཆུ་གཙོ་བོ་འདིའི་ཁ་ཕྱོགས་བསྒྱུར་བར་འདོད་པ་མེད། ང་ཚོ་གསོད་རྒྱུ་ཟེར་ཀྱང་ཆུའི་ཁ་ཕྱོགས་བསྒྱུར་རྒྱུ་དེ་ལ་འདོད་པ་བྱ་རྒྱུ་མིན་པ་ཁོ་ཐག་ཡིན། ང་ཚོས་ཁྱེད་ཚོར་ཁ་དགའ་ངོ་དགའ་བྱས་ཏེ་མ་བཤད་པ་ཞིག་མེད། ད་ནི་བཤད་རྒྱུ་ལྷག་མེད་ཅེས་འགྲེལ་བརྗོད་བྱེད་བཞིན་འདུག

ཡང་སྲིད་གཞུང་གི་ལས་བྱེད་པ་ཡིན་ཟེར་མཁན་རྒྱ་ལྭ་གྱོན་ཏེ་བོད་སྐད་བཤད་མཁན་ཁག་ཅིག་མང་ཚོགས་ཀྱི་མདུན་དུ་ལངས་ཏེ་ཁྱེད་ཚོར་བཤད་རྒྱུ་ཡོད་ན་བཤད་སར་འགྲོ་ཞེས་བརྗོད། མང་ཚོགས་ཀྱིས་འཐུང་ཆུ་འདི་ནི་མི་ལྔ་དྲུག་གི་འཐུང་ཆུ་ཞིག་མ་རེད། འདི་སྡེ་བ་མང་པོའི་མི་དང་ནོར་ལུག་གི་འཐུང་ཆུ་ཡིན། ང་ཚོར་ཧྲུའུ་ཅི་སོགས་ཀྱི་མདུན་དུ་འདི་ལས་ལྷག་པ་ཅང་བཤད་རྒྱུ་མེད། ང་ཚོ་འདིར་སྐྲ་དཀར་པོ་ཅན་རྐྱང་རྐྱང་འཛོམས་ཡོད། འདིར་རྡུང་རེས་རྒྱག་མཁན་སོགས་མེད། ང་ཚོའི་དགོས་འདུན་ནི་འཐུང་ཆུ་ཁ་ཕྱོགས་གཞན་དུ་བསྒྱུར་བར་འདོད་པ་མེད། ཁྱེད་ཚོ་ཕར་སོང་ནས་བཤད་རྒྱུ་ཡིན་ན་སྡེ་མི་ཚོའི་དགོས་འདུན་གོ་བརྡ་འཕྲོད་པར་བྱོས་ཞེས་བཤད་འདུག

ཡང་གནས་ཚུལ་ཡོངས་ཁུངས་ཁ་ཤས་ཀྱིས་བཤད་ན་མང་ཚོགས་འདུ་འཛོམས་བྱ་ཡུལ་དེར་ས་གནས་ཉེན་རྟོག་པ་མང་པོ་འབྱོར་ཡོད་པ་དང་གཞུང་གི་ཐག་གཅོད་ལ་དང་ལེན་མི་བྱེད་མཁན་ཡོད་ན་འཛིན་བཟུང་བྱ་རྒྱུ་ཡིན་ཚུལ་གྱི་འཇིགས་སྣང་བསྐུལ་ཡོད་ཀྱང་དངོས་སུ་བཅར་རྡུང་བྱས་པ་དང་འཛིན་བཟུང་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཁ་གསལ་ཅི་ཡང་བཤད་རྒྱུ་མི་འདུག

ས་གནས་བོད་མི་ཞིག་གིས་འགྲེལ་བརྗོད་བྱས་ན་བསེ་ཚང་ཡུལ་ཚོའི་ཁྱིམ་མཚེས་དེའི་ཡུལ་ཚོའི་སྲིད་གཞུང་གི་བོད་རིགས་འགོ་ཁྲིད་དེས་ཉིན་ཤས་སྔོན་ནས་བཟུང་སྟེ་ཡུལ་ཚོ་འདིར་བཞུར་བཞིན་པའི་ཆུའི་ཁ་ཕྱོགས་བསྒྱུར་རྒྱུའི་སྐད་ཆ་བྱུང་སོང་། ཕྱི་ཚེས་༡༡་ཉིན་ནས་དངོས་སུ་ཆུ་བོད་ཁ་སྒྱུར་བྱ་རྒྱུ་ཡིན་པར་ཡུལ་ཚོའི་སྲིད་གཞུང་གི་ལས་བྱེད་པ་ཚོ་ཡོང་སྟེ་བསེ་ཚང་ཡུལ་ཚོའི་སྡེ་མི་རྣམས་རྒྱུག་ཆུའི་འགྲམ་རྒྱུད་དུ་ཆུ་ཁ་བོ་ཁ་སྒྱུར་ལ་འདོད་པ་མེད་པའི་གོ་བརྡ་སྤྲོད་པར་འཛོམས་ཡོད་པར་མ་ཟད། ཕྱི་ཚེས་༡༢་ཉིན་སྡེ་བ་ཁག་གི་འཐུས་མི་དང་རྒན་རྒོན་ཚོ་རྒྱུག་ཆུའི་འགྲམ་རྒྱུད་དུ་འཛོམས་ཏེ་ཉིན་གང་བོར་ཇ་བཀོལ་ནས་སར་བསྡད་དེ་ཞི་བའི་ངོ་རྒོལ་བྱས་འདུག བོད་མི་ཚོས་མུ་མཐུད་དུ་བརྗོད་དོན་བྱེད་ན་ང་ཚོས་སྔ་ཕྱི་རིམ་པར་མི་གཅིག་དང་གཉིས་གང་ལ་ཐུག་ཀྱང་ང་ཚོས་ཁ་དགའ་ངོ་དགའི་ངང་དུ་དྲིན་ཆེན་ཚོ། དེ་འདྲ་མ་བྱེད་རོགས་ཟེར་ནས་ཞུ་བ་འཐེན་པ་ཡིན། ད་ལྟ་དུས་ཚོད་འདི་ལ་སླེབས་ཀྱང་ད་དུང་ང་ཚོས་དེ་འདྲ་མ་བྱེད་རོགས་ཟེར་ནས་དཀའ་ངལ་བཤད་ཀྱིན་ཡོད། ད་ཁྱེད་ཚོས་ག་རེ་བྱེད་ན་འདོད་པ་རེད་ཅེས་རྒྱུ་མཚན་བཤད་བཞིན་པ་རེད།

ད་ལྟའི་ཆར་ཅོ་ནེ་བསེ་ཚང་ཡུལ་ཚོའི་མི་དང་ཕྱུགས་ཟོག་གི་འཐུང་ཆུ་གཙོ་བོ་འདིའི་ཁ་ཕྱོགས་བསྒྱུར་རྒྱུའི་ལས་གཞི་ལ་འདོད་པ་མེད་པའི་དགོས་འདུན་དེར་སྲིད་གཞུང་གིས་ཁ་ཡ་བྱས་ཡོད་མེད་དང་ཞི་བའི་སྒོ་ནས་རྒྱུ་མཚན་བཤད་པ། མི་མང་ངོ་རྒོལ་བྱེད་མཁན་ཚོའི་གནས་སྟངས་ལ་རྒྱུས་ལོན་བྱས་ཡོད་མེད་ཤེས་རྟོགས་གང་ཡང་མི་འདུག

ཅོ་ནེ་ས་ཁུལ་དུ་ཆུ་བོ་ཁ་སྒྱུར་ལ་ངོ་རྒོལ།
please wait

No media source currently available

0:00 0:02:02 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕ་མེས་ཡང་མེས་ནས་ས་གནས་ཀྱི་མི་དང་ནོར་ལུག་གི་བཏུང་ཆུ། ས་ཞིང་ལ་འདྲེན་པའི་ཆུ་སོགས་ལ་བེད་སྤྱོད་བྱེད་པའི་རྒྱུག་ཆུ་རྣམས་ཀྱི་ཁ་ཕྱོགས་བཙན་གྱིས་བསྒྱུར་བཞིན་པ་འདི་གནས་ཚུལ་གསར་བ་ཞིག་མ་ཡིན་པ་སྟེ། ད་ལོའི་སྤྱི་ཟླ་བདུན་པའི་ནང་དུ་མཚོ་སྔོན་དཔའ་ལུང་རྫོང་ཁོངས་ཀྱི་འཁྱག་ཆུ་ཡུལ་ཚོའི་ས་གནས་མང་ཚོགས་ཀྱི་འཚོ་རྟེན་གཙོ་བོ་སྟེ། རྒྱུག་ཆུ་དེའི་ཁ་ཕྱོགས་བཙན་སྒྱུར་བྱེད་བཞིན་ཡོད་པར་ས་གནས་མང་ཚོགས་ཀྱིས་ཞི་བའི་ངོ་རྒོལ་སྐབས། དཔའ་ལུང་རྫོང་གིས་དྲག་ཆས་ཉེན་རྟོག་པ་ཕོན་ཆེན་བཏང་ནས་མང་ཚོགས་ལ་འཇིག་སྣང་སྐུལ་ཞོར་དུ་ས་ཞིང་འདེབས་ལས་ལ་གནོད་འཚེ་གཏོང་བ་དང་རྒྱུག་ཆུའི་ཁ་ཕྱོགས་བཙན་སྒྱུར་གྱི་ལས་གཞི་འགོ་བཙུགས་ཡོད་པ་སྐབས་དེ་དུས་བརྙན་པར་མང་པོ་ཕྱི་ལ་འབྱོར་བ་ལས་ཤེས་རྟོགས་བྱུང་ཡོད་ལ།

སྤྱི་ལོ་༢༠༡༦་ལོར་དཔའ་ལུང་རྫོང་ཁོངས་ཀྱི་གཡུ་རྩ་སྡེ་བའི་འཐུང་ཆུའི་ཁ་ཕྱོགས་བཙན་གྱིས་བསྒྱུར་ཏེ་སྡེ་བ་ཕན་ཚུན་འཁྲུག་རྩོད་བྱུང་ཞིང་། སྐབས་དེར་རྒྱ་ནག་གཞུང་གིས་འཁྲུག་རྩོད་དེ་སློང་མཁན་སྲིད་གཞུང་ཡིན་པའི་རྩ་དོན་ཕར་བཞག་ཏེ་མང་ཚོགས་ལ་དྲག་གནོན་གྱིས་རྨས་སྐྱོན་བཏང་བ་དང་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།

མཚོ་སྔོན་ཞིང་ཆེན་ཟེར་པའི་ཞིན་ཆེན་འདིའི་ནང་གི་ཆུ་བོ་འབྲིང་ཆུང་གཅེས་སྤྱོང་ཟེར་པ་ཞིག་ད་ལོའི་སྤྱི་ཟླ་༦་ནས་ལག་བསྟར་བྱེད་བཞིན་པ་ཁྱབ་བསྒྲགས་བྱས་ཀྱང་དོན་དངོས་སུ་ཆུ་བོ་གཅེས་སྐྱོང་གི་ལམ་ལུགས་ཟེར་བ་གང་འདྲ་ཡིན་མིན་ཁ་གསལ་ཞིག་གཏན་ནས་མེད་པར་མ་ཟད་། ཁྲིམས་ལ་བརྟེན་ནས་སྲིད་དར་སྤེལ་དང་ཁྲིམས་ལྟར་ཆུ་བེད་སྤྱོད་གཏོང་བ་ཞེས་པའི་ཁ་གཡང་གི་བསྒྲགས་ནས་བོད་ཁུལ་གྱི་རྒྱུག་ཆུ་ཆུང་ཆུང་ཁག་ཕྱོགས་གཅིག་ཏུ་བསྡུས་ཏེ་ཆུའི་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་རིམ་པ་ཞིག་འབྱུང་གི་གི་ཡོད་ཅིང་། བོད་པ་རོང་འབྲོག་མང་ཚོགས་ཀྱི་ནོར་ལུག་གི་འཐུང་ཆུ་སོས་པར་སྣང་མེད་བྱེད་བཞིན་པ་ཡང་ནས་ཡང་དུ་འབྱུང་གི་ཡོད། དཔེར་ན་སྤྱི་ལོ་༢༠༠༩་ལོར་འབྲི་ཆུའི་ཁ་ཕྱོགས་བསྒྱུར་ཏེ་རྒྱ་ནག་གི་བྱང་ཕྱོགས་སུ་འདྲེན་རྒྱུའི་ལས་འཆར་ཡོད་པ་དེས་ས་ཁུལ་དེར་གནས་པའི་མི་མང་འབུམ་གསུམ་ཙམ་གནས་སྤོར་བྱ་དགོས་བྱུང་སྐབས་དེ་དུས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཁག་གིས་གསལ་བསྒྲགས་སྤེལ་མྱོང་།

གང་ལྟར་རྒྱ་ནག་གཞུང་གིས་རྒྱུག་ཆུའི་མགོ་ཁུངས་བསྒྱུར་ཏེ་སྡེ་བ་ཚོ་བའི་བར་དུ་འགལ་ཟླ་སློང་བ་དང་ལས་གཞི་ཁག་ལ་ས་གནས་མང་ཚོགས་ཀྱིས་འདོད་པ་མེད་པའི་རྣམ་འགྱུར་བསྟན་ཚེ་དྲག་གནོན་བྱས་པས་ས་གནས་མང་ཚོགས་ཀྱི་དགོས་འདུན་ངོ་མ་དེར་ཁ་ཡ་བྱེད་ཀྱི་མེད་པའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་པ་རེད།།

XS
SM
MD
LG