ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སློབ་ཕྲུག་གི་ལས་འགུལ་བ་འཛིན་བཟུང་།


༄༅།། ཉེ་དུས་ཤིག་ནས་རྒྱ་ནག་གི་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་བ་༡༢་གར་སོང་ཆ་མེད་དུ་གྱུར། ཉམས་ཞིབ་པ་ཚོས་སློབ་ཆེན་གྱི་སློབ་ཕྲུག་གམ། ཡང་ན་སློབ་ཆེན་ཐོན་མ་ཐག་པའི་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་བ་དེ་དག་གི་ཁ་འགོག་ཐབས་སུ་རྒྱ་ནག་གཞུང་གིས་གོ་རིམ་དང་འཆར་གཞི་ལྡན་པའི་སྒོ་ནས་ལས་འགུལ་བ་དེ་རྣམས་འཛིན་བཟུང་བྱས་པ་ཞིག་ཡིན་སྲིད་པའི་དོགས་སློང་བྱེད་ཀྱི་ཡོད་ཅིང་། ཁ་སྔོན་གཟའ་པ་སངས་ཉིན་རྒྱ་ནག་གི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཚོས་པེ་ཅིང་དང་ཧྲང་ཧེ། ཀོང་ཀྲུག་དང་ཧྲེན་ཀྲེན་སོགས་ཉུང་མཐའ་ཡང་རྒྱ་ནག་གི་བཟོ་བའི་ཐོབ་ཐང་དོན་གཉེར་པ་༩་བཙན་ཁྲིད་བྱས་པའི་གནས་ཚུལ་ཐོན། གཟའ་ཉི་མའི་ཉིན་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་བཟོ་བའི་ཐོབ་ཐང་དོན་གཉེར་པ་༣་གཞུང་གི་སྤྱི་བདེ་མི་སྣས་བཙན་ཁྲིད་བྱས་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་སྤྱི་བདེ་ལྷན་ཁང་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་ཉེན་རྟོག་པ་ཚོར་བཀོད་འདོམས་བྱེད་ཀྱི་ཡོད་ཀྱང་རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་སྤྱི་བདེ་ལྷན་ཁང་ལ་གློག་འཕྲིན་བཏང་ནས་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་བ་རྣམས་གང་དུ་ཁྲིད་ཡོད་མེད་འདྲི་རྩད་བྱས་པར་ལན་འདེབས་བྱས་མེད་པ་དང་། གཟའ་པ་སངས་ཉིན་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་ལས་འགུལ་བ་དེ་དག་གི་གྲས་སུ་པེ་ཅིང་སློབ་གྲྭ་ཆེན་མོའི་གཙུག་ལག་རབ་འབྱམས་པའི་སློབ་ཕྲུག་ཁག་ཅིག་འདུག་ཅེས་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་རོ་ཡེ་ཊར་གསར་འགྱུར་ལས་ཁང་ལ་བཤད་པར་མ་ཟད། ད་ལོའི་ཕྱི་ཟླ་༨་པར་རྒྱ་ནག་གི་སློབ་ཕྲུག་༥༠་ཐམ་པས་ལྷོ་ཕྱོགས་ཀྱི་རྒྱལ་སྤྱིའི་འཕྲུལ་ཆས་བཟོ་གྲྭ་ཞིག་གི་བཟོ་བའི་ཐོབ་ཐང་རྩོད་ལེན་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བའི་རྗེས་སུ་རྒྱ་ནག་གཞུང་གིས་སློབ་ཕྲུག་དེ་ཚོར་དོགས་ཟོན་བྱ་རྒྱུ་འགོ་ཚུགས། ཕྱི་ཟླ་༨་ཟླ་མཇུག་དེར་རྒྱ་ནག་གི་ཉེན་རྟོག་པ་ཚོས་ཧུའི་ཀྲུག་གྲོང་ཁྱེར་གྱི་ཁང་པ་ཞིག་ཏུ་སློབ་ཕྲུག་དེ་ཚོ་གནས་སྡོད་བྱེད་ཡོད་སར་འཇབ་རྒོལ་བྱས་ནས་སློབ་ཕྲུག་ཁག་ཅིག་བཀག་ཉར་བྱས་ཡོད་པ་དང་། སློབ་ཕྲུག་གཅིག་གིས་རྒྱ་གཞུང་གི་འགོ་ཁྲིད་ཚོས་ད་ལྟའི་དུས་སྐབས་འདི་སློབ་ཕྲུག་དེ་ཚོར་རྩིས་རྒྱག་པའི་དུས་ཚོད་ཡག་པོ་ཞིག་རེད་བསམས་པ་འདྲ་ཞེས་བཤད་འདུག

ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འཕྲུལ་ཆས་བཟོ་གྲྭ་དེའི་རྒྱབ་སྐྱོར་པ་རྣམས་ཐེངས་གཅིག་ལ་གནོན་སྡོམ་བྱ་ཐུབ་རྒྱུའི་རྩིས་བརྒྱབ་འདུག དེ་ལྟར་མིན་རྒྱ་ནག་གཞུང་གིས་བཟོ་བའི་མཐུན་ཚོགས་ཀྱི་རྒྱབ་སྐྱོར་པ་རྣམས་ཉིན་གཅིག་དུས་གཅིག་ལ་བཙན་ཁྲིད་བྱེད་དགོས་དོན་མི་འདུག་ཅེས་བཤད། རྒྱ་ནག་གི་སློབ་ཕྲུག་ཚོས་ཉམས་ཞིབ་པའི་ལྟ་ཚུལ་ལ་མོས་མཐུན་བྱས་ཡོད་ཅིང་། ཁ་སྔོན་གཟའ་པ་སངས་ཉིན་ངོ་ཐག་མི་ཆོད་པའི་མི་འགའ་ཞིག་གིས་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཀྲང་ཧྲེང་ཡེ་དགོང་མོའི་ཆུ་ཚོད་༡༠་དང་ཕྱེད་ཀ་ཡས་མས་སུ་འཇུས་བཟུང་བྱས་ནས་རླངས་འཁོར་ཞིག་གི་ནང་དུ་བཙན་གྱིས་ཁྲིད་པ་སློབ་ཕྲུག་འགའ་ཞིག་གིས་མཐོང་སྟེ་བརྙན་པར་བརྒྱབ་པ་རྣམས་དྲྭ་ལམ་དུ་བཀྲམ་ཡང་སློབ་ཆེན་དེའི་གཞུང་འབྲེལ་དྲྭ་ལམ་དུ་སློབ་ཕྲུག་ཚོས་བྲིས་པའི་མཆན་དང་བརྙན་པར་རྣམས་ནག་སུབ་བཏང་སྟེ་བཙལ་ཡང་རྙེད་ཀྱི་མེད་མོད། འོན་ཀྱང་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཅིག་གིས་ངས་སྐྱེས་པ་འགའ་ཞིག་གི་གྲས་ཀྱི་མི་གཅིག་གིས་ཁོ་རེད་ཅེས་སྐད་བརྒྱབ་པ་ཐོས་བྱུང་། དེ་ནས་མི་གཞན་པ་བཞི་ལྔ་ཞིག་བརྒྱུགས་ཡོང་ནས་སློབ་ཕྲུག་ཀྲང་ཧྲེང་ཡེ་རླངས་འཁོར་ནང་དུ་བཙན་གྱིས་ཁྲིད་སོང་། ང་དང་ཉེ་འཁོར་དུ་ཡོད་པའི་སློབ་ཕྲུག་ཚོར་ཕུད་རྒྱག་བཏང་ནས་ས་ཐོག་ཏུ་རིལ་སོང་། ང་ཚོས་ཁ་པར་ནང་དུ་བརྙན་གཟུགས་བླངས་ཡོད་པ་རྣམས་མ་བསུབས་བར་དུ་འགྲོ་རུ་བཅུག་མ་སོང་ཞེས་བཤད་འདུག

རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་རང་ངོས་ནས་དྲྭ་ལམ་དུ་སྤེལ་བའི་བརྙན་གཟུགས་དེ་དང་སློབ་ཕྲུག་ཚོས་བཤད་པའི་སྐད་ཆ་དེ་རྣམས་ངེས་གཏན་བྱེད་མི་ཐུབ་ཀྱང་པེ་ཅིང་སློབ་གྲྭ་ཆེན་མོའི་ལས་སྣེ་ཚོས་མི་ཞིག་བཀག་ཉར་བྱས་པ་བདེན་པ་རེད། ཡིན་ནའང་བཀག་ཉར་བྱས་པའི་མི་དེ་སློབ་ཕྲུག་དང་དགེ་རྒན་སོགས་ལ་འབྲེལ་བ་མི་འདུག སྤྱི་བདེ་མི་སྣ་ཚོས་སློབ་གླིང་ལ་འབྲེལ་བ་མེད་པ་དང་ཁྲིམས་འགལ་གྱི་ནག་ཉེས་བསགས་ཡོད་པར་དོགས་གཞི་ཅན་གྱི་སྐྱེ་བོ་ཁག་ཅིག་བཀག་ཉར་བྱས་པ་རེད་ཅེས་འགྲེལ་བཤད་མ་འདྲ་བ་ཞིག་བརྒྱབ། ད་ལོའི་ཕྱི་ཟླ་༨་པར་སློབ་ཕྲུག་ཀྲང་ཧྲེང་ཡེ་རྒྱ་ནག་ལྷོ་ཕྱོགས་སུ་སོང་སྟེ་རྒྱལ་སྤྱིའི་འཕྲུལ་ཆས་བཟོ་གྲྭ་དེའི་བཟོ་བ་ཚོར་སྐྱོང་སྟངས་ཡག་པོ་མེད་པར་ངོ་རྒོལ་བྱེད་ཡོད་པ་དང་། ཁོ་པ་པེ་ཅིང་སློབ་གྲྭ་ཆེན་མོར་རྒྱ་ནག་གི་སྤྱི་ཚོགས་གནད་དོན་ལ་འབྲེལ་བ་ཡོད་པའི་ལས་འགུལ་སྣ་མང་ཞིག་ལ་ཞུགས་མྱོང་ཡོད་པ་རེད།།

XS
SM
MD
LG