ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤོ་ལུ་དགོན་པ་ཆུས་བསྣུབས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རི་ཉིལ་རྗེས་འབྲི་ཆུའི་བཞུར་ལམ་འགགས་ཏེ་ཟླ་གཅིག་ཙམ་ཕྱིན་ཀྱང་རྒྱ་ནག་གཞུང་གི་ཉེན་སྐྱོབ་རུ་ཁག་སོགས་མཐོང་རྒྱུ་མེད་པར་སྤོ་ལུ་གྲོང་ཚོ་དང་སྤོ་ལུ་དགོན་པ་གཉིས་ཆུས་བསྣུབས་ཏེ་ཡོངས་སུ་མེད་པར་གྱུར་སོང་།

ཆབ་མདོ་འཇོ་མདའ་རྫོང་དང་དཀར་མཛེས་དཔལ་ཡུལ་རྫོང་གི་འདབ་འབྲེལ་ས་མཚམས་ཁུལ་གྱི་འབྲི་ཆུའི་བཞུར་ལམ་དུ་རི་བོ་ཉིལ་ཏེ་ཆུ་བཀག་པའི་གནས་ཚུལ་བྱུང་ནས་ཟླ་གཅིག་ཙམ་འགོར་བཞིན་པ་དེའི་རིང་ལ་འབྲི་ཆུའི་བཞུར་ལམ་གྱི་གྲོང་ཚོ་མང་པོ་ཆུས་བསྣུབས་པའི་དཀའ་ངལ་རྣམས་ཡོངས་སུ་སེལ་ཡོད་ཅེས་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ། ཡིན་ནའང་ཕྱི་ཟླ་༡༡་ཚེས་༡༢་ཉིན་སྤོ་ལུ་དགོན་པའི་འདུ་ཁང་དང་མཆོད་རྟེན་སོགས་ཆུས་བསྣུབས་ཏེ་ས་གནས་མང་ཚོགས་ཀྱིས་ངུ་སྐད་སྒྲོགས་བཞིན་པ་མཐོང་ཐོས་ཐུབ།

རྒྱ་ནག་གཞུང་གིས་ཟླ་བ་སྔོན་མ་སྟེ། སྤྱི་ཟླ་༡༠་ཚེས་༡༦་ཉིན་གཞུང་འབྲེལ་ཐོག་ཏུ་འབྲི་ཆུའི་འཁྱིལ་མཚོའི་ཉེན་ཁ་རྩ་བའི་ཆ་ནས་མེད་པར་གྱུར་པ་ཞེས་གནས་ཚུལ་སྤེལ་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཆབ་མདོ་གྲོང་ཁྱེར་འོག་གི་འཇོ་མདའ་རྫོང་དང་། སི་ཁྲོན་ཞིང་ཆེན་ཁོངས་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། དཔལ་ཡུལ་རྫོང་གཉིས་ཀྱི་འབྲི་ཆུའི་བཞུར་ལམ་དུ་རི་བོ་ཉིལ་ཏེ་འབྲི་ཆུ་འཁྱིལ་སྐབས་དཔལ་ཡུལ་རྫོང་། སྒ་རྗེ་ཤང་གི་གླག་གྲོང་ཚོ་ལ་སོགས་པའི་བོད་སྡེ་ཁག་གི་མི་གྲངས་ཁྲི་གཉིས་དང་སྟོང་ལྔ་ཡས་མས་ཤིག་ལ་གུར་དང་བཟའ་བཅའ་གྲ་སྒྲིག་གིས་གནས་སྤོར་བྱས་ཡོད། རྫོང་དང་ཞིང་ཆེན་རིམ་པའི་ཉེན་སྐྱོབ་རུ་ཁུག་བསྟུད་མར་མངགས་ཏེ་དཀའ་ངལ་རྣམས་ཡོངས་སུ་སེལ་ཡོད་ཅེས་གནས་ཚུལ་སྤེལ་མོད། འོན་ཀྱང་ད་ལྟ་གནས་ཚུལ་བྱུང་སྟེ་ཟླ་བ་གཅིག་འགོར་པའི་སྐབས་སུ་བོད་ཕྱི་ནང་གཉིས་ཀྱི་དྲྭ་ལམ་ཁག་ཏུ་རི་ཉིལ་ཏེ་འབྲི་ཆུ་འགགས། ས་ཁུལ་དེ་དག་གི་མང་ཚོགས་ཀྱི་སྡོད་གནས་ཁག་ཆུས་བསྣུབས་པ་དང་གཞུང་ལམ་འགག་པ། ཟམ་པ་ཆད་པ། ད་དུང་དེ་བས་ཀྱང་འཇིགས་སུ་རུང་བ་ཞིག་ལ་དགོན་པའི་འདུ་ཁང་གི་རྒྱ་ཕིབས་ཆུ་ནང་དུ་ལྷུང་སྐབས་བོད་པ་ཚོས་ངུ་འབོད་བྱེད་བཞིན་པའི་རྒྱུད་རིམ་ཁག་ཡིན་ཞིང་། བརྙན་པར་དེ་དག་གི་ནང་དུ་རྒྱ་ནག་གཞུང་གི་ཉེན་སྐྱོབ་རུ་ཁག་སོགས་མཐོང་རྒྱུ་མེད་པ་རེད།

གཞན་ཡང་དགོན་པའི་སྐུ་གསུང་ཐུགས་རྟེན་སོགས་སྔ་ས་ནས་ཉེན་སྐྱོབ་བྱས་ཐུབ་ཡོད་མེད་སོགས་ཤེས་རྟོགས་མི་ཐུབ་ཀྱང་བོད་ཀྱི་དགོན་པ་ཞིག་གི་འདུ་ཁང་དང་དགོན་པའི་གླིང་ལ་ཆུས་ཁེངས་པ་འདི་ནི་བོད་པ་ཚོར་མཚོན་ན་སེམས་ལ་རྨ་ཁ་ཆེན་པོ་ཞིག་རེད་ཅེས་བཤད་བཞིན་འདུག ཡང་དྲྭ་ལམ་ཁག་ཏུ་བོད་པ་ཚོས་སྤྱིར་དཀའ་ངལ་འཕྲད་བཞིན་པའི་མང་ཚོགས་དང་དགེ་འདུན་པ་ཚོར་ང་ཚོ་རྒྱང་ཐག་རིང་པོར་ཡོད་པ་ཚོས་ཕན་པ་ཅི་ཡང་བསྒྲུབ་མི་ཐུབ། འོན་ཀྱང་སྤུན་ཟླ་ཚོ། ཁྱེད་ཅག་བློ་མ་ཕམ། ང་ཚོའི་སེམས་པ་ཁྱེད་ཅག་དང་ལྷན་དུ་ཡོད། ང་ཚོས་ཁྱེད་རྣམས་གནོད་འཚེ་དེ་ལས་མགྱོགས་མྱུར་ངང་དུ་གྲོལ་ཐུབ་པའི་སྨོན་ལམ་འདེབས་ཀྱིན་ཡོད་ཅེས་བྲིས་ཡོད་པ་མཐོང་རྒྱུ་འདུག བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས་འདུ་ཁང་ཆུས་བསྣུབས་པ་དང་དགེ་འདུན་པ་ཚོས་ངུ་སྐད་སྒྲོགས་པ་ཐོས་ན་སེམས་བཟོད་གླགས་མེད་པའི་ན་ཟུག་ཅིག་ལྡང་གི་འདུག་ཅེས་བྲིས་འདུག

XS
SM
MD
LG