ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་གུར་བའི་སྐོར་གྱི་སྙན་ཐོ་གསར་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་སྤྱི་ཟླ་༡༡་པའི་ཚེས་༥་ཉིན་ཨ་རིའི་ཇཱེམ་སི་ཊོང་ཐེབས་རྩ་ཁང་གིས་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པ་ལྟར་ན་རྒྱ་ནག་གཞུང་གིས་ཞིན་ཅང་དུ་སློབ་གསོ་བསྐྱར་མ་སྤེལ་ས་དང་ལག་ཤེས་སློབ་ས་ཡིན་ཟེར་ས་དེ་དག་ནི་ཡུ་གུར་མི་རིགས་ཀྱི་བསམ་བློ་སྒྱུར་བཀོད་གཏོང་ཡུལ་བཀག་ཉར་ཁང་ཡིན་པ་དང་བཀག་ཉར་ཁང་དེ་རྣམས་སྔར་ལས་གཞི་རྒྱ་ཇེ་ཆེ་དང་ནང་དུ་བཀག་ཉར་བྱེད་ཡོད་པའི་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། དཔེར་ན་རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༡༧་ལོར་ཞིན་ཅང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་རྒྱ་ནག་གི་མི་དམངས་ཤོག་སྒོར་དུང་ཕྱུར་༢༠༠་འཕར་སྣོན་བཏང་འདུག འདི་ནི་རྒྱ་ནག་གཞུང་གིས་ཞིན་ཅང་གི་བདེ་འཇགས་སྲུང་སྐྱོབ་ལ་བཏང་བའི་འགྲོ་གྲོན་དེར་འཕར་སྣོན་བརྒྱ་ཆ་༢༡༣་ཕྱིན་པ་ཞིག་རེད་ཅེས་བཀོད།

༢༠༡༧་ལོར་གློ་བུར་དུ་བདེ་འཇགས་སྲུང་སྐྱོབ་ཆེད་དུ་འཛུགས་སྐྲུན་མ་དངུལ་དེ་འདྲ་མང་པོ་སྤར་བ་ནི་ཞིན་ཅང་གི་བསམ་བློ་སྒྱུར་བཀོད་བྱ་སའི་བཀག་ཉར་ཁང་འཛུགས་སྐྲུན་གྱི་ཆེད་དུ་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པ་སྟེ། དེའི་རྒྱུ་མཚན་ནི་ཞིན་ཅང་ལ་༢༠༡༦་ནས་༢༠༡༧་བར་དུ་བཀག་ཉར་ཁང་དེ་དག་འཛུགས་སྐྲུན་བྱེད་མགོ་བརྩམས་ནས་བཟུང་སྟེ་ཞིན་ཅང་གི་ཆེད་ལས་སློབ་གསོའི་འགྲོ་གྲོན་འཕར་སྣོན་འགྲོ་རྒྱུའི་ཚབ་ཏུ་ཇེ་ཉུང་ལ་ཕྱིན་པ་མཚོན་ཐུབ། ད་ལྟའི་བཀག་ཉར་ཁང་འཛུགས་སྐྲུན་ཆེད་དུ་བཏང་བའི་མ་དངུལ་གྱི་ཡོང་ཁུངས་ནི་རྒྱ་ནག་གི་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་ཁག་ལ་བདག་གཉེར་བྱེད་མཁན་གྱི་ལས་ཁུངས་དེ་ཡིན་རུང་ཐེངས་འདིའི་ཞིབ་འཇུག་སྙན་ཐོར་བཀོད་འདུག སྤྱིར་རྒྱ་ནག་གཞུང་གིས་ངལ་རྩོལ་སྒྱུར་བཀོད་ཁང་མེད་པར་བཏང་ཟིན་ཡོད་ཅེས་ལོ་ཤས་གོང་དུ་གསལ་བསྒྲགས་སྤེལ། གཞན་ཡང་སྙན་ཐོ་དེར་༢༠༡༦་དང་༢༠༡༧་གཉིས་ལ་རྒྱ་ནག་གི་ཁྲིམས་མཐུན་འགྲོ་ལུགས་ལྟར་གྱི་གྱོད་དོན་ཐག་གཅོད་ཀྱི་འགྲོ་སོང་འཕར་མེད་ཀྱང་བཙོན་ཁང་རྒྱ་སྐྱེད་དང་བཙོན་ཁང་ཆེ་རུ་གཏོང་བར་མ་དངུལ་ལྡབ་ཁ་ཤས་སྤར་ཡོད་ཅིང་། ད་ཐེངས་ཀྱི་སྙན་ཐོ་འདིས་ཞིན་ཅང་ལ་ཁྲིམས་མཐུན་གྱི་འགྲོ་ལུགས་མ་བརྒྱུད་པར་ཡུ་གུར་བ་མང་པོ་གང་བྱུང་འཛིན་བཟུང་གིས་བཀག་ཉར་དང་བཙོན་འཇུག་བྱེད་བཞིན་ཡོད་པ་ར་སྤྲོད་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གཞན་ཡང་རྒྱ་ནག་གི་མི་རིགས་གྲངས་ཉུང་གི་ས་ཁུལ་དུ་སྤྱིའི་ཆ་ནས་བཀག་ཉར་ཁང་དང་བཙོན་ཁང་འཛུགས་སྐྲུན་གྱི་ཆེད་དུ་འགྲོ་སོང་ལྡབ་མང་པོ་སྤར་བཞིན་ཡོད་པར་མ་ཟད། ཞིན་ཅང་གི་ཡུ་གུར་བར་མནར་གཅོད་གཏོང་ཐབས་དང་བསམ་བློ་སྒྱུར་བཀོད་བྱ་རྒྱུ་གཅིག་པུའི་དོན་དུ་མ་ཡིན་པར་ཕྱོགས་མང་པོ་ཞིག་ནས་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་སོང་ཡོད་པ་མཚོན་གྱི་འདུག་ཅེས་བཀོད། ཉེ་བའི་ལོ་ངོ་རེ་ཟུང་ཞིག་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་གཙོས་ཁ་ཆེའི་མི་རིགས་ལ་དམིགས་བསལ་གྱིས་དམ་དྲག་དང་ཡུ་གུར་བ་གཙོས་ཁ་ཆེའི་མི་རིགས་ས་ཡ་གཅིག་ལྷག་བསམ་བློ་བསྒྱུར་བཀོད་བྱ་སའི་བཀག་ཉར་ཁང་དུ་བཅུག་ནས་འགྲོ་འདུག་རང་དབང་འཕྲོག་པ་འཛམ་གླིང་ཡོངས་སུ་གྲགས། དེས་ན་གནད་དོན་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱས་པས་ཉེ་སྔོན་སྤྱི་ཟླ་༡༡་པའི་ཚེས་༦་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ལོ་ལྔ་རེའི་མཚམས་སུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་བསྐྱར་ཞིབ་བྱེད་སྲོལ་ཡོད་པ་དེའི་སྐབས་སུའང་རྒྱལ་ཁབ་མང་པོ་ཞིག་གིས་ཞིན་ཅང་གི་བསམ་བློ་སྒྱུར་བཀོད་ཁང་དེ་དག་སྒོ་རྒྱག་དགོས་ཞེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་འདུག

སྐབས་དེར་འཛམ་གླིང་གི་ས་ཕྱོགས་གང་སར་འཁོར་པའི་ཞིན་ཅང་གི་ཡུ་གུར་བ་སྟོང་ཕྲག་གཅིག་ལྷག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཁང་མདུན་དུ་འཛོམས་ནས་བསམ་བློ་སྒྱུ་བཀོད་བྱ་ཡུལ་བཀག་ཉར་ཁང་དེ་དག་སྒོ་རྒྱག་དགོས། རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་ལ་ཞིབ་འཇུག་བྱ་དགོས་ཟེས་ངོ་རྒོལ་སྐད་འབོད་ཀྱང་བྱས་ཡོད་པ་རེད། ཉེ་ཆར་ཨ་རིའི་ཇཱེམ་སི་ཊོན་ཐེབས་རྩ་ཁང་གིས་བཏོན་པའི་སྙན་ཐོ་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུང་དབྱིན་གྱིས་ཞིན་ཅང་དུ་བདེ་འཇགས་དོན་དུ་དངུལ་སྒོར་ཅི་ཙམ་འགྲོ་གྲོན་བཏང་ཡོད་མེད་ཀྱི་གྲངས་ཀ་དེ་ངས་ཤེས་ཀྱི་མེད་ཅེས་ལན་འདེབས་བྱས་འདུག ཡིན་ནའང་སྙན་ཐོ་དེར་གོང་གི་གྲངས་ཀ་དེ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ས་གནས་ཀྱི་ནོར་སྲིད་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ཞིག་རེད་ཅེས་བཀོད་འདུག

XS
SM
MD
LG