ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཞིན་ཅང་གི་བཀག་ཉར་ཁང་རྣམས་སྒོ་རྒྱག་དགོས་ཟེར།


༄༅།། དེང་སྐབས་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིའི་གྲོང་ཁྱེར་འཇི་ཎི་ཝྭར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། ཕྱི་ཟླ་༡༡་ཚེས་༦་ཉིན་ཧྥ་རན་སི་དང་འཇར་མན་ཎི། ཁེ་ན་ཌ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་ཚོས་རྒྱ་ནག་གཞུང་ལ་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བྱེད་ཡོད་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་བཀག་ཉར་ཁང་དེ་རྣམས་སྒོ་རྒྱག་དགོས་ཞེས་ནན་བརྗོད་བྱས་ཤིང་། ད་དུང་ནུབ་ཕྱོགས་རྒྱལ་ཁབ་འགའ་ཞིག་གིས་ཐེངས་སྔོན་མའི་ཞིབ་འཇུག་གི་རྗེས་སུ་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་འདུག ལྷག་པར་དུ་ཞིན་ཅང་གི་ཡུ་གུར་བ་ཚོར་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་ཀྱི་ཡོད་པ་ཉེན་ཚབས་ཇེ་ཆེར་སོང་འདུག་ཅེས་སྐྱོན་བརྗོད་བྱས་ཀྱང་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཁག་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་སྐྱོན་འཛུགས་དེ་ཚོར་ངོས་ལེན་བྱེད་ཀྱི་མེད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ལོ་ལྔ་རེའི་མཚམས་སུ་རྒྱལ་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ཅིག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་བསྐྱར་ཞིབ་བྱེད་སྲོལ་ཡོད་པས་ལོ་འདིར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་བསྐྱར་བཞིབ་བྱེད་པའི་དུས་ཚོད་ཡིན་ཞིང་། དེར་བརྟེན་ལོ་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་དང་རྒྱ་ནག་གཞུང་གིས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ་སྟོང་ཕྲག་མང་པོ་བཙོན་འཇུག་བྱས་ནས་ཆོས་དད་རང་དབང་སོགས་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་བཤད་ཡོད་པ་སྟེ། ཧྥ་རན་སིའི་གཞུང་ཚབ་པས་རྒྱ་ནག་གཞུང་གིས་བོད་པ་དང་ཞིན་ཅང་གི་ཡུ་གུར་བའི་ཆོས་དད་རང་དབང་གི་ཐོབ་ཐང་ལ་འགན་ལེན་བྱ་དགོས་ཞེས་བཤད། འཇར་མན་ཎིའི་གཞུང་ཚབ་པས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་ཁྲིམས་འགལ་གྱིས་བཀག་ཉར་བྱེད་ཀྱི་ཡོད་པ་མཚམས་འཇོག་དགོས་ཞེས་ནན་གྱིས་བརྗོད། ཁེ་ན་ཌའི་གཞུང་ཚབ་པས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་ནོན་སྡོམ་དྲག་པོ་དང་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་པའི་ཁུངས་ལྡན་གསར་འགྱུར་ཐོན་པ་ཁག་ལ་ཁེ་ན་ཌའི་གཞུང་དམངས་གཉིས་ཀས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད། ང་ཚོས་རྒྱ་ནག་གཞུང་ལ་ཞིན་ཅང་གི་ཡུ་གུར་བ་དང་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་རང་སྣང་གང་དྲན་གྱིས་བཀག་ཉར་བྱེད་ཡོད་པ་རྣམས་གློད་གྲོལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཤད་ཡོད་པར་མ་ཟད། ཉི་ཧོང་དང་ཨོ་གླིང་རྒྱལ་ཁབ་ཀྱི་གཞུང་ཚབ་པ་ཚོས་ཀྱང་གཏམ་གླེང་འདྲ་མཚུངས་བྱས་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ལེ་ཡུའི་ཁྲེང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྐྱོན་འཛུགས་དེར་ཁུངས་ལུང་མི་འདུག ཁོ་ཚོས་ཆབ་སྲིད་ཀྱི་དམིགས་ཡུལ་འཆང་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དེར་ང་ཚོས་གཏན་ནས་ངོས་ལེན་བྱ་ཐབས་བྲལ། ཨ་མི་རི་ཀ་དང་དབྱིན་ཇི། ཧྥ་རན་སི། འཇར་མན་ཎི་སོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་སྡུག་ཏུ་སོང་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་ནི་ཕྱོགས་ལྷུང་གི་སྐད་ཆ་ཞིག་རེད། ཨ་རིའི་རླུང་འཕྲིན་ཁང་ལྟ་བུའི་ནུབ་ཕྱོགས་ཀྱི་གསར་འགྱུར་ལས་ཁང་ཁག་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཞིབ་པ་ལྟར་སྐད་ཆ་བཤད་ཀྱིན་འདུག ཁོ་ཚོས་གོ་སྐབས་ཡོད་ཚད་ལ་རྒྱ་ནག་གི་ནོར་འཁྲུལ་དང་སྐྱོན་ཁོ་ན་ཐེར་འདོན་བྱེད་ཀྱི་ཡོད་ཀྱང་མཐར་ཐུག་དམིགས་ཡུལ་ངན་པ་དེ་འགྲུབ་ཀྱི་མ་རེད། རྒྱ་ནག་གི་ཡར་རྒྱས་གོང་འཕེལ་གྱིས་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡར་རྒྱས་ཕྱིན་པ་རྣམས་མཚོན་ཐུབ། ང་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ་གསར་པ་འཚོལ་བཞིན་ཡོད་ཅེས་དགག་པ་བརྒྱབ་འདུག

རྒྱ་ནག་གི་དཔལ་འབྱོར་རོགས་རམ་སྤྲོད་ཡུལ་རྒྱལ་ཁབ་ཁག་དང་རྒྱ་ནག་གིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པའི་རྒྱལ་ཁབ་ཁག ད་དུང་རྒྱ་ནག་ལྟ་བུའི་སྲིད་དབང་གཅིག་སྡུད་ཀྱི་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་ཡར་རྒྱས་ཕྱིན་འདུག་ཅེས་རྒྱབ་སྐྱོར་བྱས་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་ངོ་རྒོལ་བྱེད་ཀྱི་ཡོད་མོད། འོན་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཁང་ཕྱི་ལོགས་སུ་ཞིན་ཅང་གི་ཡུ་གུར་བ་དང་ཡུ་གུར་བའི་རྒྱབ་སྐྱོར་པ་སྟོང་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་གྱིས་མཉམ་འབྲེལ་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་རྒྱུན་དུ་ཞིབ་འཇུག་བྱ་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད་ཅིང་། དཔེར་ན་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ཀྱིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ཞིན་ཅང་གི་ཡུ་གུར་བ་འབུམ་ཕྲག་འགའ་ཞིག་བཀག་ཉར་བྱེད་ཡོད་པ་སོགས་གནད་དོན་བྱེ་བྲག་པའི་ཐོག་ཏུ་ཞིབ་འཇུག་བྱ་དགོས། རྒྱ་ནག་གཞུང་གིས་ལག་ཤེས་སློབ་ཀྱིན་ཡོད་ཅེས་ཞིན་ཅང་གི་ཡུ་གུར་པ་རྣམས་བཀག་ཉར་བྱེད་ཀྱི་ཡོད་པ་ཁྲིམས་འགལ་ཡིན་ཞེས་ཁ་རྡུང་བཏང་འདུག

འདི་ཙམ་ན་ཨ་མི་རི་ཀའི་ཇཱེམ་སི་གྲོང་རྡལ་ཐེབས་རྩ་ཁང་གིས་༢༠༡༧་ལོར་རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་དྲག་གནོན་དང་བདེ་འཇགས་སྲུང་དམ་དུ་བཏང་བ། ཡུ་གུར་བ་ཚོར་ལྟ་རྟོག་བྱེད་པར་པར་ཆས་བཙུགས་པ་དང་ལས་དོན་རུ་ཁག་བཏང་བ་སོགས་ཀྱི་འགྲོ་གྲོན་ཕྱིར་བསྒྲགས་བྱུང་ཡོད་པ་སྟེ། སྔ་ལོ་གཅིག་པུར་རྒྱ་ནག་གཞུང་གིས་ཞིན་ཅང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་ཨ་སྒོར་དུང་ཕྱུར་༢༠་དང་བྱེ་བ་༩་ལྷག་འགྲོ་གྲོན་བཏང་ཡོད་ཅིང་། འདི་ནི་དུས་ཡུན་ལོ་གཅིག་གི་རིང་ལ་རྒྱ་ནག་གཞུང་གིས་ཞིན་ཅང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་འགྲོ་གྲོན་བརྒྱ་ཆ་༣༡༢་འཕར་སྣོན་སོང་བ་ཞིག་ཡིན་པར་མ་ཟད། ཨ་སྒོར་དུང་ཕྱུར་༢༠་དང་བྱེ་བ་དགུའི་ཁོངས་སུ་རྒྱ་ནག་གཞུང་གིས་ལག་ཤེས་སློབ་གཉེར་ཁང་ཡིན་ཞེས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཡས་མས་ཤིག་བཀག་ཉར་བྱ་ཡུལ་བཀག་ཉར་ཁང་དེ་དག་འཛུགས་སྐྲུན་བྱས་པའི་འགྲོ་གྲོན་རྣམས་ཚུད་མི་འདུག་ཅེས་འཁོད་ཡོད་པ་རེད།།

XS
SM
MD
LG