ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྐྱེས་ཐོབ་ཀྱི་སྤྱི་དམངས་ཐོབ་ཐང་བསྡུ་སྲིད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀའི་ས་ཐོག་ཏུ་ལོ་ལྟར་ཕྱི་མི་གཞིས་ཆགས་པ་འབུམ་ཕྲག་འགའ་རེ་ཡོང་གི་ཡོད་པ་དང་། རྒྱལ་ཁབ་གཞན་ནས་ཨ་མི་རི་ཀར་ཕྱི་མི་གཞིས་ཆགས་པ་ཡོང་ཐབས་གཙོ་བོ་ཞིག་ནི་ཨ་རིའི་སྤྱི་དམངས་ཚོར་རང་གི་ཕ་མ་བུ་ཕྲུག་དང་གཉེན་ཚན་རྣམས་ལེན་ཆོག་པའི་ཐོབ་ཐང་ཡོད་པར་ཐུག་ཡོད་པར་མ་ཟད། ད་དུང་ཕ་མ་གང་ཞིག་ཨ་རིའི་སྤྱི་དམངས་དང་ཁྲིམས་མཐུན་གྱི་གཏན་སྡོད་གཞིས་ཆགས་པ་མིན་རུང་བུ་ཕྲུག་ཨ་མི་རི་ཀའི་ས་ཐོག་ཏུ་སྐྱེ་ཐུབ་ན་ཕྲུ་གུ་དེར་སྐྱེས་ཐོབ་ཀྱི་ཨ་མི་རི་ཀའི་སྤྱི་དམངས་ཐོབ་ཐང་ཡོད་ཅིང་། ཁ་སང་གཟའ་ཟླ་བའི་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕ་མ་གང་ཞིག་ཨ་རིའི་སྤྱི་དམངས་མིན་ན་ཕྲུ་གུ་དེ་ཨ་རིའི་ས་ཐོག་ཏུ་སྐྱེས་ཀྱང་སྐྱེས་ཐོབ་ཀྱི་ཨ་རིའི་སྤྱི་དམངས་ཐོབ་ཐང་སྤྲོད་ཀྱི་ཡོད་པ་ཕྱིར་བསྡུ་བྱ་རྒྱུའི་བསམ་གཞིག་བྱེད་བཞིན་ཡོད། ལོ་ལྟར་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པའི་ཕྲུ་གུ་སྟོང་ཕྲག་མང་པོ་ཨ་རིའི་ས་ཐོག་ཏུ་སྐྱེ་བཞིན་ཡོད་པས་ཕྲུ་གུ་དེ་ཚོར་སྐྱེས་ཐོབ་ཀྱི་ཨ་རིའི་སྤྱི་དམངས་ཐོབ་ཐང་སྤྲོད་དགོས་པ་ཁྱད་མཚར་ཞིག་རེད་ཅེས་བཤད་འདུག

ཕྱི་ཟླ་༡༠་ཚེས་༢༩་ཉིན་ཨ་རིའི་ཨཀ་སི་ཡོ་སི་གསར་འགྱུར་ལས་ཁང་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་གནད་དོན་སྣ་མང་ཞིག་གི་ཐོག་ཏུ་བཅར་འདྲི་ཞུས། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་རྩ་ཁྲིམས་ལ་སྒྱུར་བཅོས་མ་བཏང་བར་སྐྱེས་ཐོབ་ཀྱི་སྤྱི་དམངས་ཐོབ་ཐང་ཕྱིར་བསྡུ་བྱེད་ཆོག སྲིད་འཛིན་ལ་ལག་བསྟར་བཀའ་རྒྱ་གཏོང་ཆོག་པའི་དབང་ཚད་ཡོད། ཁྲིམས་འགལ་གྱི་ཕྱི་མི་གཞིས་པའི་ཕྲུ་གུ་ཚོར་སྐྱེས་ཐོབ་ཀྱི་ཨ་རིའི་སྤྱི་དམངས་ཐོབ་ཐང་མེད་པར་གཏོང་ཆོག་གི་འདུག ཨ་མ་རྣམས་ཨ་མི་རི་ཀར་ཁྲིམས་འགལ་དུ་ཡོང་སྟེ་ཕྲུ་གུ་ཨ་མི་རི་ཀར་སྐྱེས་པའམ། ཡང་ན་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་སྟེ་བསམ་བཞིན་ཕྲུ་གུ་ཨ་མི་རི་ཀའི་ས་ཐོག་ཏུ་སྐྱེ་རུ་འཇུག་གི་ཡོད་པ་རྣམས་ཁྲིམས་འགལ་ཡིན། ཕ་མ་ཨ་རིའི་སྤྱི་དམངས་མིན་པར་ཨ་རིའི་ས་ཐོག་ཏུ་སྐྱེས་པའི་ཕྲུ་གུ་ཚོར་ཨ་མི་རི་ཀའི་སྤྱི་དམངས་ཐོབ་ཐང་སྤྲོད་དགོས་པ་ཕྱིར་བསྡུ་བྱ་འཆར་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད་པ་དེ་ལ་བལྟས་ཚེ། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀར་ཕྱི་མི་གཞིས་ཆགས་པ་ཡོང་རྒྱུ་བཀག་སྡོམ་བྱེད་པའི་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་གྱི་ཡོད་པ་སྔར་ལས་ཇེ་དམ་དུ་གཏོང་རྒྱུ། ཁོང་གིས་ཨ་མི་རི་ཀར་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཚོས་བཙན་འཛུལ་བྱེད་ཀྱིན་འདུག ཨ་མི་རི་ཀར་ཕྱི་མི་གཞིས་ཆགས་པ་ཡོང་རྒྱུ་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་འོས་འདེམས་ལས་འགུལ་དུས་སུ་ཁས་ལེན་བྱས་པ་རྣམས་ལག་ལེན་བསྟར་རྒྱུའི་རྣམ་པ་ཞིག་མངོན། ཡིན་ནའང་ཨ་མི་རི་ཀའི་ཁྲིམས་ཁང་ཁག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་ཇུས་དེ་ཨ་རིའི་རྩ་ཁྲིམས་ཀྱི་དགོངས་དོན་ལ་རྒྱབ་འགལ་ཡིན་ཞེས་ལག་ལེན་བསྟར་རྒྱུ་འགོག་སྲིད། ཐ་ན་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འཛིན་ལྷན་ཁང་དང་ཨ་མི་རི་ཀའི་ཁྲིམས་ཁང་ཁག་སླར་ཡང་གདོང་ཐུག་འབྱུང་སྲིད།

༡༩༨༦་ནས་༢༠༠༦་བར་དུ་ཨ་མི་རི་ཀའི་ས་ཐོག་ཏུ་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པའི་ཕྲུ་གུ་འབུམ་༣་དང་ཁྲི་ཚོ་༧་སྐྱེས། ༢༠༠༩་ལོར་ཨ་མི་རི་ཀའི་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་རྗེས་སུ་ཨ་མི་རི་ཀའི་ས་ཐོག་ཏུ་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པའི་ཕྲུ་གུ་སྐྱེ་རྒྱུ་ཉུང་དུ་སོང་རུང་སྤྱི་ཡོངས་ཀྱི་ཆ་ནས་ཨ་མི་རི་ཀར་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཡོང་རྒྱུ་ཇེ་ཉུང་དུ་སོང་མེད། ཨ་མི་རི་ཀའི་སྤྱི་དམངས་ཀྱི་ཐོབ་ཐང་རེག་པར་ཆེད་མངགས་ཕྲུ་གུ་ཨ་མི་རི་ཀར་སྐྱེ་རུ་ཡོང་གི་ཡོད་པ་ཚོར་བཀག་སྡོམ་བྱ་དགོས་ཞེས་ཨ་རིའི་སྤྱི་ཚོགས་སུ་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་འདུག དཔེར་ན་ཨ་མི་རི་ཀའི་གྲོང་ཁྱེར་ཁག་ཏུ་ཨ་རིའི་སྤྱི་དམངས་རྒྱ་ནག་པ་ཚོས་ཁྲིམས་འགལ་གྱི་ཚོང་ལས་གཉེར་ནས་རྒྱ་ནག་གི་སྦྲུམ་མ་རྣམས་ཨ་མི་རི་ཀར་ལེན་པ་དང་། རྒྱ་མོ་སྦྲུམ་མ་ཚོར་ཨ་མི་རི་ཀའི་ས་ཐོག་ཏུ་ཕྲུ་གུ་སྐྱེ་རུ་བཅུག་ནས་ཕྲུ་གུ་དེར་ཨ་མི་རི་ཀའི་སྤྱི་དམངས་ཐོབ་ཐང་ལེན་པའི་ནག་ཚོང་རྒྱག་མཁན་མང་པོ་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཕྱི་མི་གང་ཞིག་ཨ་མི་རི་ཀར་ཁྲིམས་མཐུན་གྱིས་ཡོང་བ་དང་ཁྲིམས་མཐུན་གྱི་ཨ་མི་རི་ཀའི་གཏན་སྡོད་གཞིས་ཆགས་པའི་ཕྲུ་གུ་ཚོར་ཨ་རིའི་སྤྱི་དམངས་ཀྱི་ཐོབ་ཐང་ཡོད། ཨ་རིའི་རྩ་ཁྲིམས་བསྐྱར་བཅོས་ཐེངས་༡༤་པའི་དགོངས་དོན་ནི་མི་ཐམས་ཅད་ལ་ཁྱབ་པ་ཞིག་མིན་ཞེས་ཐག་བཅད། ཨ་རིའི་རྩ་ཁྲིམས་བསྐྱར་བཅོས་ཐེངས་༡༤་པའི་དོན་ཚན་དང་པོར་ཨ་མི་རི་ཀར་སྐྱེས་པའི་མི་ཐམས་ཅད་དམ། ཡང་ན་རང་བཞིན་ཁྲིམས་མཐུན་དུ་གྱུར་པའི་མི་ཐམས་ཅད་ལ་ཨ་མི་རི་ཀའི་སྤྱི་དམངས་ཐོབ་ཐང་ཡོད་ཅེས་འཁོད། སྐྱེས་ཐོབ་ཀྱི་ཐོབ་ཐང་རྩོད་མཁན་ཚོས་ཨ་རིའི་རྩ་ཁྲིམས་སུ་ཨ་མི་རི་ཀར་སྐྱེས་པའི་མི་ཐམས་ཅད་ལ་རྒྱལ་ཁབ་ཀྱི་སྤྱི་དམངས་ཐོབ་ཐང་ཡོད་ཅེས་བཀོད་འདུག ཕ་མ་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཡིན་རུང་ཕྲུ་གུ་ཨ་མི་རི་ཀར་སྐྱེ་ཡོད་ན་ཨ་རིའི་སྤྱི་དམངས་ཀྱི་ཐོབ་ཐང་འདུག་ཅེས་རྩོད་པ་འཕེན། ཁྲིམས་ལུགས་མཁས་པ་རིགས་གཅིག་གིས་ཨ་རིའི་རྩ་ཁྲིམས་བསྐྱར་བཅོས་ཐེངས་༡༤་པའི་དོན་ཚན་དང་པོར་ཨ་མི་རི་ཀར་སྐྱེས་པའི་མི་ཐམས་ཅད་ཟེར་པ་ནི་མི་ཀུན་ལ་ཁྱབ་ཡོད། ཕྲུ་གུ་དེའི་ཕ་མ་ཁྲིམས་མཐུན་གྱི་གཏན་སྡོད་གཞིས་ཆགས་པ་ཡིན་མིན་ལ་ཁྱད་པར་མེད་ཟེར། ཁྲིམས་ལུགས་མཁས་པ་ཁག་ཅིག་གིས་ཨ་རིའི་རྩ་ཁྲིམས་བསྐྱར་བཅོས་ཐེངས་༡༤་པའི་དོན་ཚན་དང་པོའི་ཚིག་ཟིན་དུ་མི་ཐམས་ཅད་ཅེས་འཁོད་པ་བདེན་པ་ཡིན། འོན་ཀྱང་ཨ་མི་རི་ཀར་སྐྱེས་པ་ཐམས་ཅད་ཟེར་པའི་གོ་དོན་ངོ་མ་ནི་ཕ་མ་གཉིས་ཀ་ཨ་རིའི་སྤྱི་དམངས་ཡིན་པ་གཞིར་བཞག་ཐོག་ཏུ་རྗོད་ཚིག་དེ་བཀོད་པ་རེད་ཅེས་རྩོད། དེར་བརྟེན་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྐྱེས་ཐོབ་སྤྱི་དམངས་ཐོབ་ཐང་ཕྱིར་བསྡུ་བྱ་དགོས་ཞེས་བཀའ་རྒྱ་བཏང་རུང་ཨ་མི་རི་ཀའི་ཁྲིམས་ཁང་ལ་གཏུགས་ནས་རྩ་ཁྲིམས་བསྐྱར་བཅོས་ཐེངས་༡༤་པའི་དོན་ཚན་དང་པོ་རྩོད་ཆོག་གི་ཡོད་པ་རེད།།

XS
SM
MD
LG