ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཐེ་ཝན་ལ་ངོ་བོ་ཐ་དད་དགོས་པའི་གནད་འགག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།རྒྱ་ནག་གི་དཔལ་འབྱོར་རོགས་རམ་དང་ཚོང་ལས་ཀྱི་ཁེ་ཕན། ལས་ཀའི་གོ་སྐབས་དང་གནོན་ཤུགས། དམག་གི་འཇིགས་སྐུལ་སོགས་ཐབས་ལམ་སྣ་ཚོགས་ཤིག་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ཞེས་ཁྲིམས་མགོ་རང་བཙན་གྱི་ཡུལ་ལུང་ཞིག་ཡོད་པ་མེད་པར་གཏོང་རྒྱུ། མི་འབོར་ས་ཡ་༢༣་ཡོད་པའི་ཐེ་ཝན་མཚོ་གླིང་རྒྱ་ནག་གི་མངའ་འོག་ཏུ་བསྡུས་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གིས་ཅི་ཙམ་ཐེ་ཝན་ལ་གནོན་ཤུགས་སྤྲོད་པ་དང་སྡིགས་ར་བསྐུལ་ཚེ། མཚོ་གླིང་དེའི་མི་དམངས་རྣམས་རྒྱ་ནག་དང་རྒྱ་མི་རིགས་ལ་སེམས་ཐག་རིང་དུ་འགྲོ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། དཔེར་ན་ཐེ་ཝན་གཞུང་དམངས་གཉིས་ཀས་མཚོ་གླིང་དེའི་རང་དབང་དང་དམངས་གཙོ། མི་དམངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱ་ནག་གི་བཙན་དྲག་ལ་འགོག་རྒོལ་བྱེད་ཀྱི་ཡོད་པ་སྟེ། ཟླ་བ་རྗེས་མར་ཐེ་ཝན་མི་དམངས་ལ་རང་ཉིད་རྒྱ་མི་རིགས་དང་རྒྱ་ནག་པ་ཡིན་ནམ། ཡང་ན་རྒྱ་ནག་དང་རྒྱ་མི་རིགས་ལ་འབྲེལ་བ་མེད་པར་རང་ལ་ཐུན་མོང་མ་ཡིན་པའི་ངོ་བོ་ཞིག་ཡོད་པའི་ཐེ་ཝན་པ་ཡིན་ཞེས་བསམ་ཚུལ་དྲིས་ནས་མང་མོས་འོས་འདེམས་བྱ་འཆར་ཡོད་པ་རེད།

ཐེ་ཝན་གྱི་རང་བཙན་དོན་གཉེར་བ་ཚོས་ཐེ་ཝན་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་སོགས་ལ་རྒྱ་རིགས་ཐེ་པེ་བ་ཞེས་མཉམ་ཞུགས་བྱེད་ཀྱི་ཡོད་པར་དགེ་མཚན་མི་འདུག ད་དུང་ཐེ་ཝན་ལ་གཞུང་འབྲེལ་ཐོག་ཏུ་ཀྲུང་ཧྭ་མིན་གོ་ཟེར་གྱི་ཡོད་པར་འགྱུར་བ་གཏོང་དགོས། ཐེ་ཝན་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་སོགས་ལ་ཐེ་ཝན་ཞེས་པའི་མིང་ཐོག་ཏུ་མཉམ་ཞུགས་བྱ་དགོས། ཐེ་ཝན་ལ་ཀྲུང་ཧྭ་མིན་གོ་ཟེར་པའི་གཞུང་འབྲེལ་གྱི་མཚན་གནས་ཀྱང་བརྗེ་དགོས་ཀྱིན་འདུག ད་ནས་བཟུང་སྟེ་ཐེ་ཝན་ལ་ཐེ་ཝན་ཟེར་དགོས། ༡༩༤༧་ལོར་གོ་མིན་ཏང་གིས་རྒྱ་ནག་སྐམ་ས་ཆེན་མོར་གཏན་ལ་ཕབ་པའི་རྩ་ཁྲིམས་ཤིག་གིས་ཐེ་ཝན་ལ་དབང་སྒྱུར་བྱེད་ཀྱི་ཡོད་པ་འགྲིག་གི་མི་འདུག ཐེ་ཝན་གྱི་རྩ་ཁྲིམས་ལ་འགྱུར་བ་བཏང་ནས་མཚོ་གླིང་དེའི་བདག་དབང་ཐོག་ཏུ་མང་མོས་འོས་འདེམས་བྱ་དགོས་ཞེས་རྩོད་པ་བརྒྱབ། བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་ཐེ་ཝན་པ་སྟོང་ཕྲག་མང་པོས་རྒྱ་ནག་གིས་ཐེ་ཝན་ལ་སྡིགས་ར་བསྐུལ་ནས་བཙན་འཛུལ་བྱ་རྒྱུའི་ཧམ་སེམས་འཆང་ཡོད་པར་ངོ་རྒོལ་དང་ཀྲུང་ཧྭ་མིན་གོ་ཟེར་པའི་ཐ་སྙད་འོག་ནས་ཐེ་ཝན་ཐར་ཐུབ་ཀྱི་མེད་པར་ངོ་རྒོལ་བྱས་འདུག

ཐེ་ཝན་གྱི་མི་རབས་རྒན་པ་ཚོར་མཚོན་ན་ཀྲུང་ཧྭ་མིན་གོ་དང་ཐེ་ཝན་གྱི་རྒྱལ་དར་གྱིས་ཅང་ཅེ་ཧྲི་དང་གོ་མིན་ཏང་གི་སྲིད་གཞུང་། ༡༩༤༩་ལོར་གོ་མིན་ཏང་གི་སྲིད་གཞུང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཐེ་ཝན་ལ་བྲོས་བྱོལ་དུ་ཡོང་བ་དང་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་པ། གོ་མིན་ཏང་ནི་རྒྱ་ནག་གི་སྲིད་གཞུང་ངོ་མ་དང་ཀྲུང་ཧྭ་མིན་གོ་ནི་རྒྱ་ནག་གི་གཞུང་འབྲེལ་མཚན་གནས་ཡིན་པའི་འདུ་ཤེས་དང་བག་ཆགས་ཟབ་མོ་ཞིག་ཡོད་ཀྱང་ཐེ་ཝན་གྱི་མི་རབས་གསར་པ་དང་། ལྷག་པར་དུ་མཚོ་གླིང་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་ཚོས་ཐེ་ཝན་ནི་རྒྱ་ནག་གི་མངའ་ཁོངས་ཤིག་མིན། མཚོ་གླིང་དེའི་ཡུལ་མི་རྣམས་རྒྱ་ནག་དང་རྒྱ་མི་རིགས། རྒྱ་ནག་གི་རིག་གཞུང་བཅས་ལ་འབྲེལ་བ་གཏན་ནས་མེད་པར་རང་ལ་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ཐ་དད་ཅིག་ཡོད་པའི་མི་རིགས་ཤིག་ཡིན་པའི་འདུ་ཤེས་ཟབ་མོ་ཡོད་པར་མ་ཟད། རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་མི་རབས་རྒན་པའི་བུ་རབས་ཚ་རྒྱུད་མང་པོ་ཞིག་ལའང་རང་ཉིད་ཐེ་ཝན་པ་ཡིན་པ་ལས་རྒྱ་ནག་པ་དང་རྒྱ་མི་རིགས་ཡིན་པའི་འདུ་ཤེས་ཆེན་པོ་མེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། གཟའ་འཁོར་སྔོན་མའི་འདུ་འཛོམས་ལས་འགུལ་སྐབས་སུ་ཐེ་ཝན་ལ་མང་མོས་འོས་འདེམས་བྱ་དགོས། ཐེ་ཝན་ལ་རྣམ་པ་གསར་པ་ཞིག་བསྐྲུན་དགོས་ཞེས་ཐེ་ཝན་གྱི་ཡུལ་སྐད་དུ་བསྒྲགས། ཐེ་ཝན་གྱི་ཡུལ་སྐད་ནི་རྒྱ་ཡིག་རྒྱ་སྐད་ལ་འབྲེལ་བ་མེད་པའི་སྐད་རིགས་ཤིག་ཡིན་སྐད།

ལིའོ་ཡའོ་སུང་ཞེས་པའི་ལས་འགུལ་བ་ཞིག་གིས་ང་ཚོས་ཐེ་ཝན་ཞེས་པའི་མིང་ཚིག་འོག་ཏུ་རང་བཙན་རྒྱལ་ཁབ་ཅིག་འཛུགས་དགོས། འདི་ནི་ངེས་པར་དུ་མང་མོས་འོས་འདེམས་བྱས་ནས་བསྒྲུབ་དགོས། ང་ཚོས་སྔོན་ལ་མང་མོས་འོས་འདེམས་ཀྱི་ཁྲིམས་དེར་ལེགས་བཅོས་གཏོང་དགོས་ཀྱིན་འདུག དེ་ནས་རྒྱལ་ཁབ་ཀྱི་མིང་དང་རྒྱལ་དར་ལ་འགྱུར་བ་གཏོང་ཐུབ་ས་རེད་ཅེས་བཤད། ན་ནིང་ཕྱི་ཟླ་༡༢་ནང་དུ་ཐེ་ཝན་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་མང་མོས་འོས་འདེམས་ཀྱི་ཁྲིམས་ལ་ལེགས་བཅོས་བཏང་ནས་སྟབས་བདེ་རུ་བཏང་མོད། འོན་ཀྱང་ཐེ་ཝན་གྱི་རྒྱལ་དར་དང་གཞུང་འབྲེལ་གྱི་མཚན་གནས་བརྗེ་སྒྱུར། མངའ་ཁོངས་ཀྱི་ཁྱབ་ཚད་སོགས་ལ་མང་མོས་འོས་འདེམས་བྱེད་མི་ཆོག་པའི་ཚོད་འཛིན་བྱས་འདུག ཀྲུང་ཧྭ་མིན་གོའི་རྩ་ཁྲིམས་སུ་ཕྱི་སོག་དང་རྒྱ་ནག་རྒྱལ་ཡོངས་ཀྲུང་ཧྭ་མིན་གོའི་མངའ་ཁོངས་སུ་གཏོགས་ཞེས་བཀོད། ཐེ་ཝན་གྱི་མང་མོས་འོས་འདེམས་ཀྱི་ཁྲིམས་ལ་སྒྱུར་བཅོས་གཏོང་དགོས་ཟེར་མཁན་གྲས་སུ་སྲིད་འཛིན་ཟུར་པ་ལི་ཏིང་ཧུའི་དང་སྲིད་འཛིན་ཟུར་པ་ཁྲེན་ཧྲུའི་པེན་གཉིས་ཀ་ཡོད་པ་དང་སྲིད་འཛིན་ཟུར་པ་གཉིས་ཀས་ཐེ་ཝན་རང་བཙན་ལ་འབད་བརྩོན་ཆེན་པོ་བྱས་ཡོད་པ་རེད།

ཐེ་ཝན་གྱི་མང་མོས་འོས་འདེམས་དེའི་འདུ་འཛོམས་སྐབས་སུ་རྒྱ་ནག་ལ་ཕྱོགས་གང་ཐད་དུ་རང་དབང་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་རྣམས་བཙོན་ཁང་དུ་བཅུག་པ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བྱས་ནས་བསམ་བློའི་སློབ་གསོ་གཏོང་གི་ཡོད་པ་དང་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཧོང་ཀོང་གི་རང་དབང་དང་དམངས་གཙོའི་ཐོབ་ཐང་རྣམས་རྩ་བརླག་འགྲོ་བཞིན་པ། རྒྱ་ནག་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་རོགས་རམ་དང་ཕྱི་འབྲེལ་གྱི་གནོན་ཤུགས་སྤྲད་ནས་ཐེ་ཝན་ལ་འབྲེལ་བ་གཅོད་དུ་འཇུག་གི་ཡོད་པ་རྣམས་གླེང་། སྔོན་ཆད་འཛམ་གླིང་འདིར་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༢༠་ལྷག་ཡོད་ཀྱང་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་གནོན་ཤུགས་དང་དཔལ་འབྱོར་རོགས་རམ་གྱི་བསླུ་བྲིད་འོག་ཏུ་རྒྱལ་ཁབ་མང་པོ་ཞིག་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས། ད་ལྟ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༧་ལས་མེད་ཅིང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་གི་རེའུ་མིག་ནང་དུ་ཐེ་ཝན་ཞེས་འཁོད་ཡོད་པར་འགྱུར་བ་གཏོང་དགོས། ཁོ་ཚོས་ངེས་པར་དུ་རྒྱ་ནག་གི་ཐེ་ཝན་ཞེས་འགོད་དགོས་པའི་བཙན་བཀའ་བཏང་བ་དང་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སོགས་ལ་མཉམ་ཞུགས་བྱེད་མི་ཆོག ཐེ་ཝན་པ་ཚོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་ལ་ལྟ་སྐོར་དུ་ཡོང་དུས་ངེས་པར་དུ་རྒྱ་ནག་གཞུང་གིས་བཀྲམ་པའི་ལག་འཁྱེར་སྟོན་དགོས། རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྱི་ཕྱིར་སྐྱོད་ལག་འཁྱེར་ལ་ངོས་ལེན་བྱེད་མི་ཆོག་ཅེས་ཐེ་ཝན་ཞེས་པའི་མིང་དེ་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG