ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིའི་གནད་ཡོད་མི་སྣ་ཁག་ལ་འབར་མདེལ་བསྐུར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཁ་སང་སྤྱི་ཟླ་༡༠་པའི་ཚེས་༢༤་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་ནེའུ་ཡོག་གྲོང་། ཧྥུ་ལོ་རི་ཌ་དང་ཁེ་ལི་ཧྥོ་ཎི་ཡ་བཅས་སུ་གནས་སྡོད་ཨ་མི་རི་ཀའི་གནད་ཡོད་མི་སྣ་འགའ་ཞིག་ལས་ཁུངས་དང་སྡོད་ཁྱིམ་བཅས་སུ་དུས་གཅིག་ལ་ཡིག་ཤུབས་ནང་དུ་བཅུག་པའི་འབར་མདེལ་བཅུག་གྲངས་ཤིག་བསྐུར་ཡོད་པ་རྩད་གཅོད་བྱུང་བའི་གནས་ཚུལ་ཐོན་འདུག འབར་མདེལ་བསྐུལ་ཡུལ་མི་སྣ་དེ་དག་གི་གྲས་སུ་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་ཨ་རིིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལི་རོས་ཁེ་ལིན་ཊོན། ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་སྤྱི་ཁྱབ་ཟུར་པ་དང་དབུས་གསང་བའི་ལས་ཁང་གི་འགན་འཛིན་ཟུར་པ། ཨ་རིའི་ཁ་ལི་ཧྥོར་ཎི་ཡ་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་མེཀ་སིན་ཝ་ཊི་སིན། ཨ་རིའི་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་འབྱོར་ལྡན་པ་འཇོར་ཇི་སོ་རོ་སི། ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་འཇོར་བྷ་ཌེན་དང་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་རོ་བྷར་ཊི་ཇི་ནེ་རོ། ཨ་རིའི་སི་ཨེན་ཨེན་བརྙན་འཕྲིན་ཁང་བཅས་ཡོད་པ་རེད།

ད་སྔ་ཡིག་ཤུབས་ཐོག་ཏུ་སྦྲག་རྟགས་སྦྱར་ནས་ཨ་རིའི་གནད་ཡོད་མི་སྣ་ཁག་གི་མིང་ཐོག་ཏུ་བསྐུར་པའི་འབར་མདེལ་གཅིག་ཀྱང་འགས་འཐོར་བྱུང་མེད་ཀྱང་ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་གིས་རྩད་གཅོད་དང་ཞིབ་འཇུག་བྱ་རྒྱུ་དེར་ལྷོད་ཡེངས་གཏོང་གི་མེད་པར་མ་ཟད། ད་དུང་ཡང་ཡིག་ཤུབས་ནང་དུ་བཅུག་པའི་འབར་མདེལ་བསྐུར་རྒྱུ་ཇེ་མང་དུ་འགྲོ་སྲིད་པའི་དོགས་ཟོན་བྱེད་ཀྱི་ཡོད་ཅིང་། འབར་མདེལ་བསྐུལ་ཡུལ་རྣམས་སྲིད་འཛིན་ཌོ་ནལ་ཊམ་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཡིན་རུང་སྐུར་མཁན་སུ་ཡིན་རྩད་གཅོད་ཐུབ་མེད། གཟའ་ལྷག་པའི་ཕྱི་དྲོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་འབར་མདེལ་སྐུར་མཁན་གྱི་བྱ་སྤྱོད་ནི་སྐྱུག་བྲོ་བ་དང་ཐ་ཤལ་ཞིག་རེད། མི་འདི་དག་གི་བྱ་སྤྱོད་ལ་ཨ་མི་རི་ཀའི་སྤྱི་ཚོགས་ཀྱིས་ནམ་ཡང་ངོས་ལེན་དང་བཟོད་སྒོམ་བྱེད་མི་ཐུབ་ཅེས་ཁ་རྡུང་བཏང་འདུག

ཉམས་ཞིབ་པ་ཚོས་འབར་མདེལ་བསྐུལ་ཡུལ་གྱི་ཨ་རི་བ་རྣམས་དང་སྐུར་མཁན་རྣམས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ལྟ་བ་མ་མཐུན་པར་འབྲེལ་བ་ཡོད་པ་གསལ་བོ་ཡིན་པ་སྟེ། ཐེངས་འདིའི་འབར་མདེལ་བསྐུར་ཡུལ་རྣམས་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་ཌོ་ནལ་ཊམ་ལ་སྐྱོན་བརྗོད་བྱེད་མཁན་ཤ་སྟག་ཡིན་ཞིང་། ཨ་རིའི་དམངས་གཙོ་ཚོགས་པའི་ཚོགས་མིའི་གྲས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱི་གཏམ་བཤད་ཁག་གི་ཤུགས་རྐྱེན་འོག་ཏུ་འདི་འདྲའི་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད་ཅེས་སྐྱོན་འཛུགས་བྱེད་མཁན་འདུག་ལ། དེ་བཞིན་ཨ་རིའི་སྲིད་འཛིན་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་འབར་མདེལ་བསྐུར་པའི་བྱ་སྤྱོད་ནི་དམངས་གཙོི་ཚོགས་པའི་གཡོ་ཇུས་ཤིག་ཡིན། གཡོ་ཇུས་འདི་ཨ་རིའི་བར་མའི་འོས་བསྡུའི་སྐབས་སུ་དམངས་གཙོ་ཚོགས་པར་འོས་ཤོག་མང་བ་འཐོབ་པའི་ཆེད་དུ་ཡིན་སྲིད་ཅེས་དོགས་སློང་བྱེད་མཁན་ཡོད་ཀྱང་ཕྱོགས་གཉིས་ཀྱི་འགྲེལ་དེར་ཁུངས་སྐྱེལ་ར་སྤྲོད་བྱུང་མེད། སྦྲང་ཁང་བརྒྱུད་ནས་འབར་མདེལ་བསྐུར་པའི་གནས་ཚུལ་བྱུང་རུང་མི་ལ་འཆི་རྨས་སོགས་ཀྱི་གནོད་སྐྱོན་ཕོག་མེད་པ་དང་ཨ་རིའི་བར་མའི་འོས་བསྡུ་བྱེད་པར་བདུན་ཕྲག་གཉིས་ལས་མེད་པའི་མཚམས་འདིར་གནས་ཚུལ་འདི་འདྲ་ཞིག་བྱུང་བ་དེས་ཨ་རིའི་ཆབ་སྲིད་ལ་གཡོ་འགུལ་ཆེན་པོ་ཞིག་ཐེབས་འདུག

ཨ་རིའི་དམངས་གཙོ་ཚོགས་པའི་གནད་ཡོད་མི་སྣ་ཁག་ལ་འབར་མདེལ་བསྐུར་པའི་དོན་རྐྱེན་ནི་རྒྱལ་ནང་གི་ཆབ་སྲིད་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོས་འཛིན་བྱ་དགོས་པ་དང་། ད་སྔ་ཨ་རིའི་གཞུང་གིས་འཇིགས་སྐུལ་རིང་ལུགས་ཀྱི་ཉེན་ཀ་ཕྱི་ནས་འབྱུང་གི་ཡོད་པར་དམིགས་པ་གཙོ་བོ་གཏད་ཡོད་པ་ལས་ཨ་རིའི་རྒྱལ་ནང་ལ་དམིགས་པ་དེ་ཙམ་གཏོད་ཐུབ་མེད་ཅིང་། ད་ནས་ཨ་རིའི་གསར་འགོད་རང་དབང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཁག་ལ་གནོད་འཚེ་གཏོང་ཐབས་སུ་ཆབ་སྲིད་ཀྱི་འཇིགས་སྐུལ་རིང་ལུགས་པའི་ལས་འགུལ་ཞིག་མགོ་རྩོམ་གྱིན་འདུག་ཅེས་ཨ་རིའི་ཉམས་ཞིབ་པ་མང་པོས་ལྟ་ཚུལ་གཅིག་མཚུངས་ཤིག་གླེང་། ཨ་རིའི་བར་མའི་འོས་བསྡུའི་སྔོན་དེར་འབར་མདེལ་སྐུར་མཁན་སུ་ཞིག་ཡིན་མིན་རྩད་གཅོད་ཐུབ་རྒྱུ་ཡིན་མིན་ནི་ཐེངས་འདིའི་ཨ་རིའི་འོས་བསྡུ་ལ་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད།།

XS
SM
MD
LG