ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྲིད་བློན་ཨ་བྷེའི་རྒྱལ་དོན་འཚམས་འདྲི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།ཕྱི་ཟླ་༡༠་ཚེས་༢༥་འདིར་ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེ་རྒྱ་ནག་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཡོད་པ་ནི་ལོ་༨་ཀྱི་རྗེས་སུ་ཉི་ཧོང་གི་སྲིད་བློན་ཞིག་རྒྱ་ནག་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་པ་དང་། ད་ལོ་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ནས་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་སྡུག་ཏུ་སོང་རུང་རྒྱ་ནག་དང་ཉི་ཧོང་གི་འབྲེལ་བ་ཡར་རྒྱས་གཏོང་བའི་གོ་སྐབས་ཤིག་བྱུང་ཞིང་། གཟའ་པ་སངས་ཉིན་སྲིད་བློན་ཨ་བྷེས་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ལ་ཐུག་འཕྲད་གྲོས་མོལ་དང་པེ་ཅིང་སློབ་གྲྭ་ཆེན་མོར་གཏམ་བཤད། དགོང་མོ་དེར་སྲིད་འཛིན་ཞིས་ཅིན་ཕིང་གིས་སྲིད་བློན་ཨ་བྷེར་རྒྱལ་ཁབ་ཀྱི་གསོལ་སྟོན་རྒྱས་གཤོམ། སྲིད་བློན་ཨ་བྷེ་དང་རྒྱ་ནག་གི་འགོ་ཁྲིད་ཚོས་ཕྱོགས་གཉིས་མཉམ་འབྲེལ་བྱས་ནས་ཡར་རྒྱས་འགྲོ་བཞིན་ཡོད་པའི་རྒྱལ་ཁབ་ཁག་ལ་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་གྱི་ཚོང་ལས་མཉམ་གཉེར་བྱ་རྒྱུའི་བགྲོ་གླེང་ཚོགས་འདུ་ཞིག་ཏུ་གཏམ་བཤད་བྱེད་ཀྱི་ཡོད་པ་རེད།

༢༠༡༢་ལོར་རྒྱ་ནག་གིས་ཏའོ་ཡུའི་ཏའོ་ཟེར་པ་དང་ཉི་ཧོང་གིས་སན་ཁ་ཀུ་ཟེར་པའི་གླིང་ཕྲན་གསུམ་སྒེར་པའི་ལག་ནས་ཉི་ཧོང་གཞུང་གིས་ཉོས་ནས་བཟུང་། རྒྱ་ནག་རྒྱལ་ཡོངས་སུ་ཉི་ཧོང་ལ་ངོ་རྒོལ་ལས་འགུལ་ལངས་ནས་པེ་ཅིང་དུ་བཅའ་སྡོད་ཉི་ཧོང་གི་གཞུང་ཚབ་ཁང་དང་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་བཅའ་སྡོད་ཉི་ཧོང་གི་ཕྱི་འབྲེལ་སྐུ་ཚབ་དོན་གཅོད་ལས་ཁང་ཁག རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཕྱེ་ཡོད་པའི་ཉི་ཧོང་བའི་ཟ་ཁང་དང་ཚོང་ཁང་སོགས་ཀྱི་སྒོ་དང་སྒེའུ་ཁུང་བཅགས། རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་ཉི་ཧོང་གི་ཅ་ལག་ཉོ་མཚམས་འཇོག་དགོས་ཞེས་ལས་འགུལ་སྤེལ་ནས་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་ཉི་ཧོང་དང་རྒྱ་ནག་གི་འབྲེལ་བ་ཧ་ཅང་སྡུག་ཏུ་སོང་བར་མ་ཟད། ༢༠༡༤་ལོར་པེ་ཅིང་ལ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ཚོགས་འདུ་ཚོགས་ཀྱང་ཞིས་ཅིན་ཕིང་གིས་སྐབས་དེར་ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེར་འཛུལ་མདངས་ཤིག་ཀྱང་སྟོན་ཐུབ་མེད་པར་ཁོང་ཁྲོའི་རྣམ་འགྱུར་འབའ་ཞིག་བསྟན། ལོ་ཤས་གོང་གི་གནས་སྟངས་ལ་གཞིགས་ན་ཉི་ཧོང་གི་སྲིད་བློན་ཞིག་རྒྱ་ནག་ལ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུ་ལྟ་ཞོག ཐ་ན་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་ཙམ་ཡང་བྱེད་མི་ཐུབ་པའི་གནས་སུ་ལྷུང་།

ད་ཐེངས་ཀྱི་རྒྱལ་དོན་འཚམས་འདྲིའི་རྗེས་སུའང་ཉི་ཧོང་དང་རྒྱ་ནག་གཉིས་ཟླ་གྲོགས་སུ་འགྱུར་རྒྱུ་དང་ཕྱོགས་གཉིས་ཀྱི་རྩོད་གཞི་ཡོད་དོ་ཅོག་སེལ་ཐུབ་པའི་རེ་བ་མེད། འོན་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ངེས་གཏན་མེད་པའི་ཕྱི་འབྲེལ་སྲིད་ཇུས་ཤིག་འཛིན་པའི་སྐབས་འདིར་རྒྱ་ནག་དང་ཉི་ཧོང་གི་འབྲེལ་བ་རྒྱུན་ལྡན་ཞིག་ལ་འགྱུར་ཐུབ་པའི་མཐུན་རྐྱེན་ཡོངས་སུ་ཚང་ཡོད་པ་དང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་པ་དང་རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཨ་རི་དང་རྒྱ་ནག་གི་ཚོང་འབྲེལ་སྡུག་ཏུ་འགྲོ་བཞིན་ཡོད་པར་བརྟེན། ཞིས་ཅིན་ཕིང་གིས་ཉི་ཧོང་ལ་སྔར་བཞིན་འབྲེལ་བ་ཡར་རྒྱས་མ་བཏང་བར་བསྡད་ན་རྒྱ་ནག་གི་ཚོང་ལས་དང་དཔལ་འབྱོར་ལ་གྱོང་གུད་ཕོག་གི་ཡོད་ཅིང་། པེ་ཅིང་སློབ་གྲྭ་ཆེན་མོའི་ཉི་ཧོང་ཞིབ་འཇུག་མཁས་པ་ཡུའི་ཐེ་ཅུན་ཞེས་པ་ཞིག་གིས་ཨ་མི་རི་ཀས་ཨེ་ཤི་ཡར་ངེས་གཏན་མེད་པའི་སྲིད་ཇུས་ཤིག་འཛིན་པའི་སྐབས་འདིར་རྒྱ་ནག་དང་ཉི་ཧོང་གཉིས་ལ་ཕན་ཚུན་དགོས་མཁོ་ཡོད། རྒྱ་ནག་དང་ཉི་ཧོང་གི་འབྲེལ་བ་ཡར་རྒྱས་བཏང་ནས་འཛམ་གླིང་གི་སྟོབས་ཤུགས་སྙོམས་དགོས། འདི་ནི་འགོ་ཚུགས་ཡག་པོ་ཞིག་རེད་ཅེས་བཤད་འདུག

སྲིད་དོན་ཉམས་ཞིབ་པ་ཚོས་ཉི་ཧོང་གིས་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་བཏང་དྲགས་ན་རང་གི་མཐུན་གྲོགས་གཙོ་བོ་ཨ་མི་རི་ཀར་ཕོག་ཐུག་འགྲོ་སྲིད་པའི་ཉེན་ཀ་ཡོད། ཉི་ཧོང་གཞུང་གིས་རང་གི་བདེ་འཇགས་སྲུང་སྐྱོབ་དང་ཨ་མི་རི་ཀས་ལོ་༧༠་ཡས་མས་ཤིག་གི་རིང་ལ་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་བྱས་པར་བསམ་བློ་གཏོང་དགོས་ཞེས་གླེང་། ཉི་ཧོང་གི་གཞུང་འབྲེལ་མི་སྣ་ཞིག་གིས་ང་ཚོས་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་བཏང་ན་ཨ་མི་རི་ཀར་ཕོག་ཐུག་འགྲོ་སྲིད། ཡིན་ནའང་ཉི་ཧོང་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་མ་བཏང་བར་ཕན་ཚུན་དགྲར་འཛིན་བྱས་ནས་འདུག་ཐབས་མེད། ད་ལྟ་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ཡོད་པས་རྒྱ་ནག་ལ་གྲོགས་པོ་ཞིག་དགོས་ཀྱིན་འདུག རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གི་འགལ་ཟླ་སེལ་པའི་རྗེས་སུ་ཉི་ཧོང་དང་རྒྱ་ནག་གི་འབྲེལ་བ་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་ཅེས་དོགས་སློང་བྱས་འདུག ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་དང་ཚོང་ལས། དཔལ་འབྱོར་གྱི་འབྲེལ་བ་སོགས་ཕྱོགས་གང་ལ་བལྟས་ཀྱང་རྒྱ་ནག་ལས་ཀྱང་ཨ་མི་རི་ཀ་གནད་འགག་ཆེ་བ་ཡོད་པས་ཉི་ཧོང་གཞུང་གིས་རང་གི་ཕུགས་རྒྱང་རིང་པོའི་ཁེ་ཕན་རྣམས་བློས་གཏོང་མི་སྲིད་ཅེས་ཉམས་ཞིབ་པ་ཁག་ཅིག་གིས་ལྟ་ཚུལ་ཐ་དད་ཅིག་བརྗོད།

སྲིད་བློན་ཨ་བྷེའི་ལྷན་དུ་ཉི་ཧོང་གི་ཚོང་པ་༥༠༠་ལྷག་རྒྱ་ནག་ལ་ཕེབས་ཡོད་ཀྱང་ཕྱོགས་གཉིས་ཀས་ཚོང་ལས་གྲོས་མཐུན་ཆེན་པོ་ཞིག་འཇོག་ཐུབ་རྒྱུའི་རྟགས་མཚན་མེད་ཅིང་། ༢༠༡༢་ནས་༢༠༡༤་བར་དུ་རྒྱ་ནག་དང་ཉི་ཧོང་གི་ཚོང་ལས་དང་དཔལ་འབྱོར་འབྲེལ་བ་སྡུག་ཏུ་སོང་། གཟའ་འཁོར་འདིར་འཛམ་གླིང་གི་དཔལ་འབྱོར་སྟབས་ཤུགས་ཨང་གཉིས་པ་དང་གསུམ་པ་གཉིས་ཀས་རང་གི་ཚོང་ལས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་ཉི་ཧོང་གི་ཊོ་ཡོ་ཊ་རླངས་འཁོར་བཟོ་ཚོང་ཁང་གིས་རྒྱ་ནག་གི་ས་ཐོག་ཏུ་རླངས་འཁོར་བཟོ་སྐྲུན་བྱེད་ཀྱི་ཡོད་པ་བརྒྱ་ཆ་༢༠་ཐམ་པ་མང་དུ་གཏོང་རྒྱུ། རྒྱ་ནག་གི་གྲོང་ཁྱེར་ཁག་གཉིས་ལ་ཉི་ཧོང་གི་ཊོ་ཡོ་ཊ་རླངས་འཁོར་བཟོ་ཚོང་ཁང་གི་བཟོ་གྲྭ་སྒོ་འབྱེད་བྱེད་ཀྱི་ཡོད་རུང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ཁོངས་སུ་ཉི་ཧོང་མཉམ་ཞུགས་བྱེད་ཀྱི་མེད་པ་དང་། ཉེ་དུས་ཤིག་ནས་ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀར་འབྲེལ་བ་ཡར་རྒྱས་གཏོང་བའམ། ཡང་ན་ཉི་ཧོང་གིས་བཏང་སྙོམས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཤིག་འཛིན་རྒྱུ་གནད་འགག་ཆེན་པོ་ཡིན་པའི་རྣམ་འགྱུར་བསྟན་ནོ།།

XS
SM
MD
LG