ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་དམག་གྲུ་གཉིས་ཐེ་ཝན་མཚོ་འགག་ཏུ་སྐོར་སྐྱོད།


༄༅།། ཨ་མི་རི་ཀའི་དམག་གྲུ་གཉིས་ཐེ་ཝན་མཚོ་འགག་ཏུ་སྐོར་སྐྱོད་བྱས་པར་རྒྱ་ནག་གིས་ཨ་མི་རི་ཀར་སྐྱོན་བརྗོད་བྱས་པ་དང་། གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་ང་ཚོས་ཨ་མི་རི་ཀའི་དམག་གྲུ་གཉིས་ཐེ་ཝན་མཚོ་འགག་ཏུ་སྐོར་སྐྱོད་བྱས་པར་རྟོག་ཞིབ་གཟབ་ནན་བྱས་ཡོད། ཐེ་ཝན་གྱི་གནད་དོན་ནི་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་འབྲེལ་བ་ཡོད་པས་རྒྱ་ནག་གི་རྩ་དོན་ལ་གནད་འགག་ཆེན་པོ་དང་ཕྱོགས་གཉིས་ཀྱི་འབྲེལ་བར་ཧ་ཅང་གི་ཚོར་སྐྱེན་རྣོན་པོ་ཞིག་ཡིན། ང་ཚོས་ཨ་མི་རི་ཀར་ཕྱོགས་གཉིས་ཀྱིས་སྤེལ་བའི་སྤྱི་བསྒྲགས་དོན་ཚན་གསུམ་ལ་རྩ་འཛིན་ཚུལ་བཞིན་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཐེ་ཝན་གྱི་གནད་དོན་ལ་བརྟེན་ནས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་འགལ་རྐྱེན་མི་འབྱུང་བ་དང་ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལའང་གཏོར་བརླག་མི་བྱེད་པའི་རེ་བ་ཡོད་ཅེས་ནན་བརྗོད་བྱས་འདུག

ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་དང་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གཉིས་ཀས་ཨ་མི་རི་ཀའི་དམག་གྲུ་དེ་དག་རྒྱལ་སྤྱིའི་མཚོ་ཐོག་ཏུ་སྐོར་སྐྱོད་བྱས་པ་ཡིན། ཨ་མི་རི་ཀའི་དམག་གྲུ་དེ་དག་ཐེ་ཝན་མཚོ་འགག་བརྒྱུད་ནས་སྐོར་སྐྱོད་བྱེད་དོན་ནི་རྒྱལ་སྤྱིའི་མཚོ་ཐོག་གི་འགྲིམ་འགྲུལ་རང་དབང་དང་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་འགྲིམ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན། ཨ་མི་རི་ཀའི་དམག་གྲུ་དེ་དག་རྒྱ་ནག་སོགས་སུ་གཅིག་ལའང་འཁྲུག་རྩོད་སློང་བའི་ཀུན་སློང་བཅངས་མེད་ཅེས་འགྲེལ་བཤད་བརྒྱབ་ཀྱང་ཁ་སང་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་དམག་གྲུ་དེ་དག་ཐེ་ཝན་མཚོ་འགག་བརྒྱུད་ནས་སྐོར་སྐྱོད་བྱས་པ་དེས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་ཚོང་དམག་ཅིག་ལངས་ཡོད་པ་དེའི་ཐོག་ཏུ་འགལ་རྐྱེན་གསར་པ་ཞིག་ཁ་སྣོན་རྒྱག་སྲིད་པར་མ་ཟད། ཉེ་ཆར་ཨ་མི་རི་ཀའི་གཞུང་གིས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོང་རྒྱུའི་ཐག་གཅོད་བྱས་པར་རྒྱ་ནག་གིས་ཨ་མི་རི་ཀར་ངོ་རྒོལ་དྲག་པོ་བྱས་པ་དང་། ༡༩༧༩་ནས་ཨ་མི་རི་ཀའི་གཞུང་གིས་ཐེ་ཝན་མཚོ་གླིང་ལ་མཁོ་བའི་རང་སྲུང་གི་མཚོན་ཆ་བཙོང་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།

ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ཐེ་ཝན་ལ་རང་གི་མཚོ་ཁོངས་དང་མཁའ་དབྱིངས་གཉིས་ལ་སྲུང་སྐྱོབ་བྱེད་ཐུབ་པའི་སྟོབས་ཤུགས་ཡོད་ཟེར་གྱི་ཡོད་ཀྱང་རྒྱ་ནག་གིས་ཐེ་ཝན་རང་བཙན་བྱས་ན་རྒྱ་ནག་གིས་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་རྒྱུ་མཚམས་འཇོག་གི་མེད་ཅིང་། ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གིས་རང་གི་དམག་གྲུ་དེ་དག་རྒྱལ་སྤྱིའི་མཚོ་ཐོག་ཏུ་སྐོར་སྐྱོད་བྱས་པ་རྒྱུན་ལྡན་དང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་མཐུན་ཡོད། ང་ཚོས་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་གྲོས་བསྡུར་དང་སྔོན་བརྡ་བཏང་ནས་ཨ་མི་རི་ཀའི་དམག་གྲུ་དེ་དག་སྐོར་སྐྱོད་བྱས་པ་ཡིན། ཨ་མི་རི་ཀས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་སུ་གནམ་མཚོ་གཉིས་ནས་དམག་གྲུ་དང་དམག་གི་གནམ་གྲུ་བཏང་ནས་སྐོར་སྐྱོད་བྱ་རྒྱུ་མཚམས་འཇོག་འཆར་མེད་ཅེས་རྒྱ་ནག་གི་སྐྱོན་བརྗོད་ལ་ལན་བཏབ། ཐེངས་འདིའི་དམག་གྲུ་སྐོར་སྐྱོད་ནི་དུས་ཡུན་ཟླ་བ་བཞིའི་ནང་ཚུད་དུ་ཨ་མི་རི་ཀའི་དམག་གྲུ་ཁག་ཐེ་ཝན་མཚོ་འགག་ཏུ་སྐོར་སྐྱོད་བྱས་པ་ཐེངས་གཉིས་པ་ཡིན་ཞིང་། ཉེ་ཆར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གི་དམག་གྲུ་ཞིག་གིས་ཨ་མི་རི་ཀའི་དམག་གྲུ་ཞིག་ལ་རྡུང་ག་རྒྱག་གྲབས་བྱས་ནས་ཛ་དྲག་གི་གནས་ཚུལ་ཞིག་བྱུང་འདུག

གཟའ་འཁོར་སྔོན་མར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཁང་གིས་ཨ་མི་རི་ཀས་རང་གི་ནོར་འཁྲུལ་ལ་ཡོ་བསྲང་བྱས་ནས་ཐེ་ཝན་ལ་དངོས་ཤུགས་བརྒྱུད་གསུམ་ནས་གཞུང་འབྲེལ་དང་དམག་དོན་གྱི་འབྲེལ་བ། ཨ་མི་རི་ཀས་ཐེ་ཝན་ལ་དེང་རབས་ཅན་གྱི་མཚོན་ཆ་འཚོང་གི་ཡོད་པ་མཚམས་འཇོག་བྱ་དགོས། ཨ་མི་རི་ཀས་ཐེ་ཝན་རང་བཙན་ཤོག་ཁག་ལ་ངན་སྐུལ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་རྐྱེན་མི་སློང་བ་དང་ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་མི་བྱེད་པའི་རེ་བ་ཡོད་ཅེས་ནན་བརྗོད་བྱས་པར་མ་ཟད། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་དང་ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་གཉིས་སིངྒ་པུར་གྱི་ཨེ་ཤི་ཡའི་བདེ་འཇགས་ཚོགས་ཆེན་ཞོར་དུ་ཐུག་འཕྲད་བྱས་ཏེ། ཨ་རིའི་རྒྱལ་སྲུང་དྲུང་ཆེས་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཝེ་ཧྥེང་ཧེ་ལ་ཨ་མི་རི་ཀས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཐེབས་མེད། ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཨ་མི་རི་ཀས་ཐེ་ཝན་ལ་གཞུང་འབྲེལ་གྱི་འབྲེལ་བ་གང་ཡང་བཙུགས་མེད་ཀྱང་ཨ་རིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ལུགས་ལྟར་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོང་དགོས་ཐུག་ཡོད་པ་སོགས་འགྲེལ་བཤད་བརྒྱབ་ཡོད་སྐད།

སྲིད་དོན་ཉམས་ཞིབ་པ་ཚོས་ཨ་མི་རི་ཀའི་དམག་གྲུ་ཁག་ཐེ་ཝན་མཚོ་འགག་ལ་སྐོར་སྐྱོད་བྱེད་ཀྱི་ཡོད་པ་དང་ཨ་རིའི་གྲོས་ཚོགས་ཀྱིས་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་དང་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོ་ཕར་ཚུར་འགྲོ་སྐྱོད་བྱེད་ཆོག་པའི་བཅའ་ཁྲིམས་གཏན་འབེབས་བྱ་དགོས་པའི་རྩ་རྒྱ་ནག་ལ་ཐུག་ཡོད་ཅིང་། རྒྱ་ནག་གིས་ཐེ་ཝན་ལ་ཁ་གཏད་ནས་མེ་ཤུགས་འཕུར་མདེལ་བརྒྱ་ཕྲག་འགའ་ཞིག་བཙུགས་ཡོད་པ་དང་ཐེ་ཝན་མཚོ་འགག་ཏུ་དམག་སྦྱོང་བྱས་པ། རྒྱལ་སྤྱིའི་ཐོག་ཏུ་ཆབ་སྲིད་ཀྱི་གནོན་ཤུགས་དང་དཔལ་འབྱོར་རོགས་རམ། ཕྱི་འབྲེལ་བཅས་ཀྱི་ཐབས་ལམ་བརྒྱུད་ནས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་ཐེ་ཝན་དང་ཕྱི་འབྲེལ་གཅོད་དུ་འཇུག་གི་ཡོད་པ་དང་། ཐེ་ཝན་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་མཉམ་ཞུགས་བྱེད་དུ་འཇུག་གི་མེད་པ། རྒྱ་ནག་གི་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་ལ་གནོན་ཤུགས་སྤྲད་ནས་ཐེ་ཝན་ཞེས་པའི་མིང་ཚིག་བཀོལ་སྤྱོད་བྱེད་མི་ཆོག དེའི་ཚབ་ཏུ་རྒྱ་ནག་གི་ཐེ་ཝན་ཞེས་འབྲི་དགོས། རྒྱལ་སྤྱིའི་ཡུལ་གྲུ་ཁག་གིས་ཐེ་ཝན་གྱི་ཕྱིར་སྐྱོད་ལག་འཁྱེར་ལ་ངོས་ལེན་བྱེད་མི་ཆོག་བཅས་བཙན་བཀའ་གཏོང་གི་ཡོད་པས་ཨ་རིའི་གྲོས་ཚོགས་སུ་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་སོང་བ་ཡོད་པ་རེད།།

XS
SM
MD
LG