ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱུད་གཅིག་ལམ་གཅིག་ལ་ཆོས་ལུགས་ཀྱི་རམ་འདེགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་སྤྱི་ཟླ་༡༠་ཚེས་༡༦་ནས་མགོ་བརྩམས་ཏེ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་འཛུགས་སྐྲུན་ལ་རམ་འདེམས་བསྒྲུབ་དགོས་པའི་དཔྱད་གླེང་དང་དྲིན་ཤེས་དྲིན་མཇལ། ཆོས་དོན་དགོངས་འགྲེལ་གྱི་གྲུབ་འབྲས་སྒྲོག་སྦྱང་། བསམ་བློ་བརྗེ་རེས་བཅས་ཀྱི་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དུ་ཚུགས་པའི་མཚོ་སྔོན་ནང་བསྟན་སློབ་གླིང་དུ་ཚོགས་པ་ཀྲུང་གོའི་བོད་ཀྱི་དྲྭ་བའི་དྲྭ་ཚིགས་སུ་གནས་ཚུལ་སྤེལ་འདུག

དྲྭ་ཚིགས་དེར་ཚོགས་འདུ་དེ་ནི་རྒྱ་ནག་གི་བོད་ཡིག་སྡེ་ཚན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་བོད་རང་སྐྱོང་ལྗོངས། སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ལྗོངས་དང་ཞིང་ཆེན་ཁག་གི་བོད་ཡིག་སྡེ་ཚན་བོད་བརྒྱུད་ནང་བསྟན་སློབ་གླིང་ཁག་ཐུན་མོང་གིས་མཉམ་དུ་བསྡུས་པ་ཞིག་ཡིན་ཞིང་། ཚོགས་འདུའི་ཐོག་ཏུ་བོད་བརྒྱུད་ནང་བསྟན་གྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་འཛུགས་སྐྲུན་ལ་རམ་འདེགས་ཇི་ལྟར་བསྒྲུབ་དགོས་པ་བརྗོད་བྱར་བཟུང་ནས་བགྲོ་གླེང་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱ་རྒྱུ། དྲིན་ཤེས་དྲིན་མཇལ་གྱི་ཆོས་དོན་དགོངས་འགྲེལ་དྲིལ་བསྒྲགས་བྱ་རྒྱའི་ལས་དོན་ལ་བགྲོ་གླེང་། ཐེངས་འདིའི་ཚོགས་འདུ་བརྒྱུད་ནས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་བཏོན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་དགོངས་དོན་ལ་སློབ་སྦྱོང་། ལྷག་པར་དུ་རྒྱ་ནག་དབུས་གཞུང་གིས་བཏོན་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དང་ཆོས་ལུགས་ཀྱི་བྱ་བའི་གནད་དོན་ཁག་བཀོད་སྒྲིག་བྱེད་ཕྱོགས། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་ཚུལ་གྱིས་སྣེ་ཁྲིད་དེ་ཆོས་ལུགས་རྒྱ་ནག་ཅན་དུ་གྱུར་པའི་ལོ་རྒྱུས་ལ་དེང་རབས་ཀྱི་འགྲོས་དང་མཐུན་པའི་བློ་སྐྱེད་ཐོབ་ཐབས་བྱ་རྒྱུ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་གཅིག་ཏུ་བསྒྲིལ་ནས་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་འཛུགས་སྐྲུན་ལ་ཆོས་ལུགས་ཀྱིས་རམ་འདེགས་བསྒྲུབ་རྒྱུ། རྒྱ་ནག་དམར་ཕྱོགས་ཚོགས་པ་དང་རྒྱལ་ཁབ་ཀྱི་ལས་དོན་ལའང་སྲི་ཞུ་བསྒྲུབ་དགོས་པ་བཅས་ལ་སློབ་སྦྱོང་བྱས་ཡོད་ཅེས་བཤད་འདུག

ཐེངས་འདིའི་ཚོགས་འདུའི་ཐོག་ཏུ་གཏམ་བཤད་བྱེད་མཁན་སྐུ་མགྲོན་༤༩་ཡོད་པ་དེ་དག་ནི་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ཁང་དང་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁང་། རྒྱ་ནག་ནང་བསྟན་མཐུན་ཚོགས། རྒྱ་ནག་གི་བོད་ཡིག་སྡེ་ཁག་བོད་བརྒྱུད་མཐོ་རིམ་ནང་བསྟན་སློང་གླིང་གཙོས་ལྗོངས་གཅིག་དང་ཞིང་ཆེན་བཞིའི་ཁོངས་གཏོགས་ཀྱི་ནང་བསྟན་སློབ་གླིང་ཁག་གི་འགན་འཛིན་རྣམ་པ། སློབ་ཆེན་ཁག་དང་ཞིབ་འཇུག་ལས་ཁང་ཁག་གི་ཉམས་ཞིབ་པ་དང་དགེ་རྒན། ཧོང་ཀོང་ས་ཁུལ་གྱི་སྐུ་མགྲོན། ཁྲི་ཀའི་ནང་བསྟན་སློབ་གླིང་གི་དགེ་སློབ་བཅས་ཁྱོན་བསྡོམས་མི་༢༠༠་ལྷག་མཉམ་ཞུགས་བྱས་ཡོད་ཅེས་བཀོད་འདུག

ཉེ་བའི་ལོ་ཤས་རིང་ནས་རྒྱ་ནག་གཞུང་གིས་བོད་པ་འདུས་སྡོད་བྱ་ཡུལ་ཞིང་ཆེན་ཁག་ཏུ་ཀན་སུའུ་ནང་བསྟན་སློབ་གླིང་དང་མཚོ་སྔོན་ནང་བསྟན་སློབ་གླིང་ལྟ་བུ་གསར་དུ་བཙུགས་ཡོད་ཅིང་། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་སོགས་དགོན་པའི་ངོ་བོའི་ཐོག་ཏུ་ཚུགས་པའི་ནང་བསྟན་སློབ་གྲྭ་ཁག་གི་གྲྭ་ཤག་དང་བཙུན་ཤག་རྣམས་གཏོར་བཤིག་གཏོང་བཞིན་ཡོད་པར་མ་ཟད། གྲྭ་བཙུན་སློབ་གཉེར་བའི་གྲངས་ཀ་ཉུང་དུ་བཏང་སྟེ་དབུས་ཀྱི་གདན་ས་གསུམ་དུའང་བོད་ཀྱི་ས་ཆ་གཞན་ནས་ཡོང་བའི་གྲྭ་པ་སློབ་གཉེར་བ་རྣམས་ཕྱིར་ཕུད་བཏང་སྟེ། ཁོ་ཚོ་སྲིད་གཞུང་གིས་ལོགས་སུ་བཙུགས་པའི་ནང་བསྟན་སློབ་གྲྭ་ཞེས་པ་ཞིག་ལ་འགྲིམ་དུ་འཇུག་གི་ཡོད་པར་བསམ་ཚུལ་བཟང་ངན་གཉིས་ཀ་གླེང་གི་ཡོད་ཅིང་། ཁ་ཤས་ཀྱིས་ནང་བསྟན་སློབ་གྲྭ་བཙུགས་ན་བོད་ཀྱི་ནང་བསྟན་རིག་གནས་དར་སྤེལ་གཏོང་རྒྱུར་གྲུབ་འབྲས་ཆེན་པོ་འཐོན་སྲིད་ཅེས་སྒྲུབ་བྱེད་བཀོད། ཁ་ཤས་ཀྱིས་རྒྱ་ནག་གཞུང་གིས་ནང་བསྟན་སློབ་གྲྭ་བཙུགས་པ་དང་འཛུགས་བཞིན་ཡོད་པའི་མཐར་ཐུག་གི་དམིགས་ཡུལ་ནི་གྲྭ་བཙུན་སློབ་གཉེར་བ་ཚོར་ཆབ་སྲིད་ཀྱི་ཀླད་པ་འཁྲུ་ཆེད་ཡིན་ཞིང་། བོད་ཀྱི་སྟོད་སྨད་བར་གསུམ་དུ་རྒྱ་ནག་གཞུང་གིས་དབང་སྒྱུར་ནན་པོ་བྱེད་ཐུབ་ཀྱི་མེད་པའི་སྲོལ་རྒྱུན་གྱི་དགོན་སྡེ་ཁག་ཡོད་པ་དེ་དག་གི་སྟོབས་ཤུགས་གཅོག་རྒྱུའི་ཆེད་དུ་རེད། ནང་བསྟན་སློབ་གླིང་ཁག་ནས་མཐར་ཕྱིན་རྗེས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་སོགས་ཀྱི་ལས་བྱེད་པར་བསྐོ་བཞག་བྱས་ནས་དགོན་སྡེ་ཁག་ལ་ཆབ་སྲིད་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་འཆར་གཞི་རེད་ཅེས་ཚོད་དཔག་བྱེད་མཁན་མང་དུ་འབྱུང་། ད་ཐེངས་ཀྱི་ཚོགས་འདུ་ཚོགས་ཡུལ་ཁྲི་ཀའི་མཚོ་སྔོན་ཞིང་ཆེན་གྱི་ནང་བསྟན་སློབ་གྲྭར་ཡང་ཆབ་སྲིད་ཀྱི་ཀླད་པ་འཁྲུ་ཐབས་འདྲ་མཚུངས་ཤིག་བྱས་ནས་ཚོགས་འདུ་བསྐོངས་པས་གྲྭ་བཙུན་ཚོས་ཁྲི་ཀའི་ཁྲུས་ཁང་ཞེས་པའི་ནང་བསྟན་སློབ་གླིང་དེར་ཟུར་ཟའི་མིང་ཞིག་བཏགས་ཡོད་པ་རེད།།

XS
SM
MD
LG