ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་རྒྱལ་སྤྱིའི་ཡིག་ཟམ་ཆིངས་ཡིག་ཁོངས་ནས་ཕྱིར་འཐེན།


༄༅།། རྒྱལ་སྤྱིའི་ཡིག་ཟམ་ཆིངས་ཡིག་བཞག་ནས་ལོ་༡༤༤་འགྲོ་བཞིན་ཡོད་པ་དང་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་རྒྱལ་སྤྱིའི་ཡིག་ཟམ་ཆིངས་ཡིག་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན། རྒྱལ་སྤྱིའི་ཡིག་ཟམ་ལྷན་ཁང་གིས་གཏན་འབེབས་བྱས་པའི་སྦྲགས་གླར་བསྟུན་དགོས་པའི་སྟབས་ཀྱིས་ཨ་མི་རི་ཀའི་ཡིག་ཟམ་ལས་ཁུངས་ལ་ལོ་ལྟར་ཨ་སྒོར་དུང་ཕྱུར་༡་དང་བྱེ་བ་༧་ལྷག་གྱོང་གུད་ཕོག་གི་འདུག་ཅེས་བསྒྲགས། ཨ་རིའི་ཡིག་ཟམ་སྟངས་འཛིན་ལྷན་ཁང་གི་འགན་འཛིན་ཨེ་ཌམ་གྱིས་ཀྱང་ཨ་མི་རི་ཀས་རྒྱལ་སྤྱིའི་ཡིག་ཟམ་ལྷན་ཁང་གི་སྦྲགས་གླར་བསྟུན་དགོས་པ་འདི་སྔ་མོ་ནས་དཀའ་ངལ་ཆེན་པོ་ཞིག་ལ་གྱུར་ཡོད། ད་ལྟའི་ལམ་ལུགས་འོག་ཏུ་རྒྱལ་ཁབ་གཞན་ནས་ཨ་མི་རི་ཀར་བསྐུར་པའི་དོ་པོ་ཆུང་ཁག་ལ་ཨ་མི་རི་ཀའི་ཡིག་ཟམ་ལས་ཁུངས་ཀྱིས་འགྲོ་གྲོན་ཁ་སྣོན་བྱ་དགོས་ཐུག་གི་ཡོད་ཅེས་བཤད་འདུག

ཨ་མི་རི་ཀ་རྒྱལ་སྤྱིའི་ཡིག་ཟམ་ཆིངས་ཡིག་ཁོངས་ནས་ཕྱིར་འཐེན་བྱ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རྒྱ་ནག་གི་ཚོང་ལས་ཆུང་ཁག་གིས་སྦྲགས་གླ་དམའ་མོ་བྱས་ནས་ཨ་མི་རི་ཀར་དོ་པོ་ས་ཡ་མང་པོ་གཏོང་གི་ཡོད་ཀྱང་ཚོང་ལས་ཀྱི་ཁེ་ཕན་དེ་རྣམས་ཨ་མི་རི་ཀའི་ཡིག་ཟམ་ལས་ཁུངས་ལ་འབབ་ཀྱི་མེད་ཅིང་། རྒྱལ་སྤྱིའི་ཡིག་ཟམ་ཆིངས་ཡིག་གི་འབྲུ་དོན་ལྟར་ན་ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་རྒྱལ་ཁབ་གཞན་གྱི་སྒེར་གཉེར་ཡིག་ཟམ་སྐྱེལ་འདྲེན་ལས་ཁུངས་ཁག་གིས་ཚོང་ལས་གཉེར་ནས་འགྲན་སྡུར་བྱེད་ཆོག་པས་ཨ་རིའི་ཡིག་ཟམ་ལས་ཁུངས་ལ་ཚོང་ལས་མེད་པར་གྱོང་གུད་ཕོག དཔེར་ན་པེ་ཅིང་ནས་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་བསྐུར་པའི་དོ་པོ་ཞིག་གི་སྦྲགས་གླ་དང་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་ནས་སན་ཧྥ་རན་སི་སི་ཀོ་གྲོང་ཁྱེར་དུ་བསྐུར་པའི་དོ་པོ་ཞིག་གི་སྦྲགས་གླ་གཉིས་བསྡུར་ཚེ། པེ་ཅིང་ནས་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་བསྐུར་པའི་དོ་པོ་དེའི་སྦྲགས་གླ་རིན་གོང་ཁེ་པོ་ཡོད་པ་དང་ཨ་རིའི་རྒྱལ་ནང་གི་སྦྲགས་གླ་རིན་གོང་ཆེན་པོ་ཡོད་པ་རེད།

སྲིད་དོན་ཉམས་ཞིབ་པ་ཚོས་ཨ་མི་རི་ཀ་རྒྱལ་སྤྱིའི་ཡིག་ཟམ་ཆིངས་ཡིག་ཁོངས་ནས་ཕྱིར་འཐེན་བྱ་དགོས་པའི་དམིགས་ཡུལ་གཙོ་བོ་ཞིག་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་ལ་ཐུག་ཡོད། གལ་སྲིད་ཨ་མི་རི་ཀ་རྒྱལ་སྤྱིའི་ཡིག་ཟམ་ཆིངས་ཡིག་ཁོངས་ནས་ཕྱིར་འཐེན་བྱས་ན་ཕྱི་རྒྱལ་གྱི་ཡིག་ཟམ་སྐྱེལ་འདྲེན་ལས་ཁང་ཁག་གིས་ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་ཆོག་གི་མེད་པས་ཕྱི་རྒྱལ་ནས་ཨ་མི་རི་ཀར་བསྐུར་པའི་དོ་པོ་སྐྱེལ་འདྲེན་གྱི་ཚོང་ལས་མཐའ་དག་ཨ་མི་རི་ཀའི་ཡིག་ཟམ་ལས་ཁུངས་དང་ཨ་རིའི་སྒེར་གཉེར་ཡིག་ཟམ་སྐྱེལ་འདྲེན་ལས་ཁུངས་ཁག་ལ་ཐེམ་རྒྱུ་ཡིན་ཞིང་། ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་གྱི་ཡོད་པར་མ་ཟད། རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་སྤར། ད་ལྟ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀར་བསྐུར་པའི་དོ་པོ་ཁག་ལ་ཨ་མི་རི་ཀས་སྦྲགས་གླ་སྤར་ཆོག་རྒྱུ་ཡིན་པས་ཨ་མི་རི་ཀ་རྒྱལ་སྤྱིའི་ཡིག་ཟམ་ཆིངས་ཡིག་ཁོངས་ནས་ཕྱིར་འཐེན་བྱ་འཆར་ཡོད་པར་རྒྱ་ནག་གིས་ངོ་རྒོལ་བྱ་རྒྱུའི་རྣམ་པ་གསལ་བོ་ཐོན་འདུག

ཐོག་མར་༡༨༧༤་ལོར་རྒྱལ་སྤྱིའི་ཡིག་ཟམ་ཆིངས་ཡིག་བཞག་ནས་རྒྱལ་ཁབ་༡༩༢་རྒྱལ་སྤྱིའི་ཡིག་ཟམ་ཆིངས་ཡིག་ཁོངས་སུ་ཞུགས། རྒྱ་ནག་ནས་བསྐུར་པའི་དོ་པོ་སྤྱི་རྒྱ་༤་དང་སྲང་༤་མན་ཆད་ཚང་མར་ཨ་མི་རི་ཀའི་ཡིག་ཟམ་ལས་ཁུངས་ཀྱིས་སྦྲགས་གླ་ཕྱེད་ཆ་གཏོང་དགོས་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་༡༩༦༩་ལོར་ཨ་མི་རི་ཀས་འཛམ་གླིང་གི་དབུལ་ཕོངས་རྒྱལ་ཁབ་ལ་སྦྲགས་གླ་ཕྱེད་ཆ་གཏོང་རྒྱུའི་མོས་མཐུན་བྱས་ཡོད། ཡིན་ནའང་ད་ལྟ་རྒྱ་ནག་ནི་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་དང་ཚོང་ལས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ལ་གྱུར་ཟིན་ཀྱང་སྦྲགས་གླ་ཕྱེད་ཆ་ལས་སྤྲོད་ཀྱི་མེད་པ་དྲང་སྙོམས་ཤིག་མིན། དེར་བརྟེན་རྒྱ་ནག་ནས་ཨ་མི་རི་ཀར་བསྐུར་པའི་དོ་པོ་བརྒྱ་ཆ་༧༠་ལྷག་ལ་ཨ་མི་རི་ཀའི་ཡིག་ཟམ་ལས་ཁུངས་ཀྱིས་སྦྲགས་གླ་ཕྱེད་ཆ་གཏོང་དགོས་ཀྱིན་འདུག རྒྱ་ནག་གིས་ཨ་མི་རི་ཀས་ཡིག་ཟམ་ལས་ཁུངས་ཁག་བཀོལ་སྤྱོད་གཏོང་གི་ཡོད་ཀྱང་ང་ཚོར་ཡོང་འབབ་ཅི་ཡང་སྤྲོད་ཀྱིན་མེད། ཨ་རིའི་རྒྱལ་ནང་དུ་ཨ་སྒོར་བཅུའི་སྦྲགས་གླ་སྤྲོད་དགོས་པའི་དོ་པོ་ཞིག་རྒྱ་ནག་ནས་ཨ་མི་རི་ཀར་བསྐུར་ན་ཨ་སྒོར་༢་དང་ཕྱེད་ཀ་ལས་སྦྲགས་གླ་སྤྲོད་དགོས་ཀྱིན་མི་འདུག་ཅེས་རྒྱུ་མཚན་བགྲངས།

ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་བཅའ་སྡོད་རྒྱལ་སྤྱིའི་ཡིག་ཟམ་ལྷན་ཁང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་ལྟར་གོ་བརྡ་འཕྲོད་ཡོད། རྒྱལ་ཁབ་གང་ཞིག་རྒྱལ་སྤྱིའི་ཡིག་ཟམ་ཆིངས་ཡིག་ཁོངས་ནས་ཕྱིར་འཐེན་བྱ་ན་ལོ་གཅིག་གི་དུས་ཚོད་སྤྲོད་དགོས་པས་༢༠༢༠་ནས་ཨ་མི་རི་ཀ་རྒྱལ་སྤྱིའི་ཡིག་ཟམ་ཆིངས་ཡིག་ཁོངས་སུ་མེད་ཅེས་སྙན་ཞུ་ཕུལ་ཡོད། ལོ་གཅིག་གི་རིང་དེར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་ཡིག་ཟམ་སྦྲགས་གླ་དྲང་སྙོམས་ཤིག་ཡོང་ཐུབ་པའི་གྲོས་མོལ་བྱ་འཆར་ཡོད་ཅེས་བསྒྲགས། ཕྱི་ཟླ་༡༠་ཚེས་༡༨་ཉིན་རྒྱལ་སྤྱིའི་ཡིག་ཟམ་ལྷན་ཁང་གི་འགན་འཛིན་བྷ་ཤཱིར་ཧུ་སེན་གྱིས་ཨ་མི་རི་ཀ་རྒྱལ་སྤྱིའི་ཡིག་ཟམ་ཆིངས་ཡིག་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་པར་བློ་ཕམ་ཆེན་པོ་ཡོད། ཡིན་ནའང་རྒྱལ་སྤྱིའི་ཡིག་ཟམ་ལྷན་ཁང་དང་ཨ་མི་རི་ཀའི་གཞུང་ལ་གྲོས་བསྡུར་གསར་པ་ཞིག་བྱ་རྒྱུའི་གོ་སྐབས་ཡོད་པར་དགའ་མོས་བྱུང་ཡོད་ཅེས་ལན་འདེབས་བྱས་འདུག

XS
SM
MD
LG