ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་འབྲུག་ཡུལ་བློ་འགུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ལོ་རབས་༥༠་བའི་མགོ་སྟོད་དེར་རྒྱ་ནག་གིས་བོད་ས་ཡོངས་ལ་བཙན་འཛུལ་བྱས་ནས་བཟུང་། འདས་པའི་དུས་རབས་མང་པོར་བོད་དང་ས་འབྲེལ་ཡིན་པའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་དང་ཧི་མ་ལ་ཡའི་ས་གནས་ཁག་ཞི་བདེ་བག་ཕེབས་དང་ས་མཚམས་སུ་འཁྲུག་རྩོད་མེད་པར་མཉམ་གནས་བྱས་པའི་གནས་སྟངས་དེར་འགྱུར་བ་ཐེབས། རྒྱ་དཀར་ནག་གཉིས་དང་འབྲུག་ཡུལ་བཅས་ལ་བོད་ཀྱི་ས་མཚམས་ཁག་ཏུ་རྩོད་གཞི་ཇེ་ཆེར་སོང་། སྔ་ལོ་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་འབྲུག་ཡུལ་དང་རྒྱ་ནག་གཉིས་ལ་ས་མཚམས་ཀྱི་རྩོད་གཞི་ཆེན་པོ་བྱུང་སྟེ་རྒྱ་གར་གྱིས་འཕྲལ་དུ་འབྲུག་ཡུལ་དང་འབྲས་ལྗོངས། བོད་ཀྱི་མཐའ་མཚམས་ཁག་ལ་དམག་བཏང་ནས་འབྲུག་ཡུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་དང་། བོད་དང་འབྲུག་ཡུལ་གྱི་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གི་དམག་དཔུང་འགྲེམ་འཇོག་བྱས་ནས་ཉི་མ་༧༢་ལ་དམག་གྲ་བསྒྲིགས། མཐར་རྒྱ་དཀར་ནག་གི་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་ས་མཚམས་ནས་ཕྱིར་འཐེན།

སྤྱིར་རྒྱ་ནག་དང་འབྲུག་ཡུལ་གཉིས་ལ་ཕྱི་འབྲེལ་མེད་པ་དང་ཕན་ཚུན་གཞུང་ཚབ་ཁང་ཡང་འཛུགས་རེས་བྱས་མེད་ཀྱང་རྒྱ་ནག་གིས་ཚོང་ལས་བརྒྱུད་ནས་འབྲུག་ཡུལ་ལ་འབྲེལ་བ་ཡར་རྒྱས་གཏོང་ཐབས་དང་འབྲུག་ཡུལ་རྒྱ་གར་གཅིག་པུར་མཐའ་གཅིག་ཏུ་བརྟེན་མི་དགོས་པའི་གདམས་ཀ་གཞན་པ་སྤྲོད་ཐབས་བྱེད་ཀྱི་ཡོད་པ་སྟེ། འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་དུ་རྒྱ་ནག་གིས་འབྲུག་ཡུལ་ལ་འཕྲུལ་ཆས་དང་ཨར་འདམ། གློག་ཆས་དང་ཕྲུ་གུའི་རྩེད་སྤྱད་སོགས་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་ལྡབ་འགའ་ཞིག་མང་དུ་སོང་། ད་ལྟ་འབྲུག་ཡུལ་གྱི་ནང་འདྲེན་དངོས་ཟོག་གི་འབྱུང་ཁུངས་ཨང་གསུམ་པ་རྒྱ་ནག་ཆགས་ཡོད་པར་མ་ཟད། ད་དུང་རྒྱ་ནག་གིས་འབྲུག་ཡུལ་ལ་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་ཇེ་མང་དུ་འགྲོ་བ་ལས་ཉུང་དུ་འགྲོ་རྒྱུའི་རྟགས་མཚན་མེད་ཅིང་། འབྲུག་ཡུལ་ནི་ཞིང་ལས་དང་འབྲོག་ལས། ནགས་ལས་ཀྱི་ཐོན་སྐྱེད་འབའ་ཞིག་ལ་བརྟེན་པའི་རྒྱལ་ཁབ་ཅིག་ཡིན་པས་རྒྱལ་ཁབ་དེའི་མི་དམངས་ཀྱི་མཁོ་ཆས་བརྒྱ་ཆ་༩༠་ལྷག་རྒྱ་གར་དང་བལ་ཡུལ། རྒྱ་ནག་སོགས་ནས་ནང་འདྲེན་བྱ་དགོས་ཐུག་ཡོད། འབྲུག་ཡུལ་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཞིག་རྒྱ་གར་གྱིས་འཛུགས་སྐྲུན་བྱས་པའི་ཆུ་ཤུགས་གློག་ཁང་ཁག་གི་གློག་རྒྱ་གར་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་པར་བརྟེན་འདུག

བྷི་རི་ཊི་ཤི་ཀོ་ལིམ་བྷི་ཡ་སློབ་གྲྭ་ཆེན་མོའི་ལོ་རྒྱུས་ཉམས་ཞིབ་པ་ཚེ་རིང་ཤཀྱས་བརྗོད་དོན། དེང་སྐབས་འབྲུལ་ཡུལ་གྱི་ནང་ཁུལ་དུ་རྒྱ་གར་ལ་མཐའ་གཅིག་ཏུ་བརྟེན་མི་དགོས་པ་དང་འབྲུག་ཡུལ་གྱི་ཕྱི་སྲིད་ལ་རྒྱ་གར་གྱིས་ཁ་ལོ་སྒྱུར་གྱི་ཡོད་པར་འགྱུར་བ་གཏོང་དགོས། འབྲུག་ཡུལ་རྒྱལ་ཁབ་སྣ་མང་ཞིག་ལ་བརྟེན་དགོས་པ་དང་རྒྱ་གར་གཞུང་ལ་བསྟུན་མཁས་བྱེད་མི་དགོས་པར་འབྲུག་ཡུལ་གྱིས་རང་དབང་ལྡན་པའི་ཕྱི་འབྲེལ་སྲིད་ཇུས་ཤིག་འཛིན་དགོས་ཞེས་ལྟ་ཚུལ་གླེང་མཁན་ཇེ་མང་དུ་འགྲོ་བཞིན་འདུག འོན་ཀྱང་འབྲུག་ཡུལ་གྱི་ལོ་རྒྱུས་དང་ས་ཁམས་ཆགས་ཡུལ་གྱི་གནད་འགག་ལ་གཞིགས་ན་འབྲུག་ཡུལ་གྱིས་རྒྱ་གར་ལ་བརྟེན་རྒྱུ་གཙིགས་སུ་བཟུང་ན་དགེ་མཚན་ཆེ་བ་སྣང་ཆུང་ཤོར་མི་ཉན་ཞེས་བཤད། མི་འབོར་འབུམ་༨་ལས་མེད་པའི་འབྲུག་ཡུལ་གྱི་བདེ་འཇགས་སྲུང་སྐྱོབ་ལ་རྒྱ་གར་གྱི་འགན་ལེན་བྱས་ཡོད་པ་རེད།

འབྲུག་ཡུལ་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་འགྲོ་རྒྱུའི་རྟགས་མཚན་རེ་ཤར་ན་རྒྱ་གར་གྱི་འབྲུག་ཡུལ་ལ་ཚོང་ལས་བཀག་སྡོམ་བྱས་ནས་དཀའ་ངལ་སྤྲོད་ཀྱི་ཡོད་ཅིང་། དཔེར་ན་༢༠༡༣་ལོར་རྒྱ་གར་གྱིས་འབྲུག་ཡུལ་ལ་སོལ་རླངས་དང་ས་སྣུམ་བཀག་ནས་འབྲུག་པའི་མི་དམངས་ལ་དཀའ་ངལ་ཆེན་པོ་ཕྲད། རྒྱལ་ས་ཐིམ་ཕུག་གི་སྲིད་དོན་ཚན་རིག་དང་མཚན་ཉིད་རིག་པའི་མཐོ་རིམ་སློབ་ཕྲུག་ཝྭིམ་ལ་པྲ་ལྡན་ཞེས་པ་ཞིག་གིས་འབྲུག་ཡུལ་དང་རྒྱ་གར་གཉིས་གྲོགས་པོ་ཡིན་ན་འབྲེལ་བ་དེ་བརྟན་པོ་ཞིག་ཡིན་དགོས་ཀྱི་རེད། ང་ཚོས་རྒྱལ་ཁབ་གཞན་ལ་འབྲེལ་བ་བྱས་པ་ཙམ་གྱིས་རྒྱ་གར་དང་འབྲུག་ཡུལ་གྱི་འབྲེལ་བར་དོ་ཕོག་འགྲོ་སྲིད་དོགས་མེད། འབྲུག་ཡུལ་གྱིས་ཅི་ཞིག་བྱས་ཀྱང་རྒྱ་གར་ལ་ཆོག་མཆན་ཞུ་དགོས་པ་འདྲ་བོ་ཞིག་ཆགས་འདུག རྒྱ་གར་གྱིས་དུས་དང་རྣམ་པ་ཀུན་ཏུ་འབྲུག་པ་ཚོས་རྒྱ་གར་ཨང་དང་པོར་བརྩི་དགོས་ཟེར་པའི་ཕྲག་དོག་གི་སྲིད་ཇུས་ངེས་པར་དུ་འདོར་དགོས་ཞེས་བཤད། ད་ལྟ་འབྲུག་པའི་ན་གཞོན་གྲས་སུ་ཝྭིམ་ལ་པྲ་ལྡན་ལྟ་བུའི་བསམ་བློ་འཛིན་མཁན་དང་ལྟ་བ་འཛིན་མཁན་ཇེ་མང་དུ་སོང་འདུག

༢༠༡༨་འདིར་འབྲུག་ཡུལ་གྱི་ན་གཞོན་ལས་ཤོར་པའི་གྲངས་འབོར་བརྒྱ་ཆ་༡༠་དང་གྲངས་ཆུང་༦་ཡིན་ཞིང་། གྲངས་འབོར་འདི་འབྲུག་རྒྱལ་ཡོངས་སུ་ཆ་བགོ་བྱས་ནས་མི་དམངས་ལས་ཤོར་པའི་གྲངས་འབོར་བརྒྱ་ཆ་༢་དང་གྲངས་ཆུང་༤་ལས་མིན་རུང་རྒྱ་གར་གཞུང་གིས་འབྲུག་ཡུལ་ལ་འཛུགས་སྐྲུན་དང་དཔལ་འབྱོར་རོགས་རམ་སྤྲོད་ཀྱི་ཡོད་པ་དེས་འབྲུག་ཡུལ་གྱི་ན་གཞོན་ལས་ཤོར་པའི་གྲངས་འབོར་ཉུང་དུ་གཏོང་ཐུབ་མེད། ཕྲུ་གུ་གཉིས་ཀྱི་ཨ་མ་ཀརྨ་ཆོས་སྒྲོན་ཞེས་པ་ཞིག་གིས་ལས་ཀ་དཀོན་པོ་མི་འདུག སྲང་ལམ་ཁག་ཏུ་འཁྱམ་མྱུལ་བྱེད་བཞིན་པའི་ན་གཞོན་ཚོར་ལྟོས་དང་། ཁོ་ཚོར་དམིགས་ཡུལ་དང་གོ་སྐབས་མེད་པར་སྲང་ལམ་ནང་དུ་ལུས་འདུག ངས་ཀྱང་རྒྱ་ལམ་ཟུར་དུ་ཕྱུ་ར་སྐམ་པོ་དང་སི་པན་སྐམ་པོ་བཙོངས་ནས་འཚོ་ཐབས་འཚོལ་བཞིན་ཡོད་ཅེས་བཤད།།

རྒྱ་ནག་གིས་ལྷོ་ཨེ་ཤི་ཡའི་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་སིངྒ་ལ་དང་ཨལ་ཌིབ། པ་ཀི་སི་ཐན་དང་བལ་ཡུལ་སོགས་ལ་འཛིན་པའི་སྲིད་ཇུས་དེ་འབྲུག་ཡུལ་ལའང་ལག་ལེན་བསྟར་ཐབས་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་གིས་རྩེད་རིགས་དང་ཆོས་ལུགས་ཀྱི་བྱེད་སྒོ། རིག་གཞུང་གི་འབྲེལ་བ། འབྲུག་ཡུལ་གྱི་སློབ་ཕྲུག་ཚོར་སློབ་ཡོན་རོགས་རམ་སྤྲད་ནས་མི་དམངས་ཀྱི་བློ་སེམས་འགུགས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། ད་ལོའི་ཕྱི་ཟླ་༧་པར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཁུང་ཤོན་ཡུག་འབྲུག་ཡུལ་ལ་འཚམས་འདྲིར་ཕེབས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་དང་འབྲུག་ཡུལ་ལ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་གཏོང་ཐབས་བྱས་འདུག རྒྱལ་ས་ཐིམ་ཕུག་གི་གླ་འཁོར་ཁ་ལོ་བ་རིག་འཛིན་རྡོ་རྗེ་ཞེས་པ་ཞིག་གིས་ངས་འབྲུག་ཡུལ་གྱི་ཆབ་སྲིད་དང་ལོ་རྒྱུས་སོགས་མི་ཤེས། ཡིན་ནའང་འབྲུག་ཡུལ་གྱིས་རྒྱལ་ཁབ་མང་པོ་ཞིག་ལ་འབྲེལ་བ་འཛིན་དགོས་ཀྱིན་འདུག རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་འབྲུག་ཡུལ་ལ་ཡོང་འགོ་ཚུགས་སོང་། ཁོ་ཚོས་དངུལ་སྒོར་མང་པོ་འགྲོ་གྲོན་གཏོང་གི་ཡོད་པས་འབྲུག་པའི་མི་དམངས་ལ་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་བཤད། ད་ལྟ་རྒྱལ་ས་ཐིམ་ཕུག་གྲོང་ཁྱེར་དུ་རྒྱ་ནག་གི་རྒྱ་ཟས་ཟ་ཁང་ཞིག་ཀྱང་སྒོ་ཕྱེ་ཡོད་པ་རེད།།

XS
SM
MD
LG