ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་སོ་ཌིའི་རྒྱལ་པོ་ཐུག་འཕྲད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་སོ་ཌི་ཨ་རེ་བྷི་ཡའི་རྒྱལ་པོ་སལ་མན་གཉིས་རྒྱལ་ས་རི་ཡ་ཌི་གྲོང་ཁྱེར་དུ་ཐུག་འཕྲད་བྱུང་། ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་རྩོམ་ཡིག་འབྲི་མཁན་གསར་འགོད་པ་འཇའ་མལ་ཁ་ཞོ་གྷི་ཉེ་ཆར་ཏུར་ཀི་རྒྱལ་ཁབ་ཀྱི་ཨི་སི་ཊན་བྷུལ་གྲོང་ཁྱེར་དུ་བཅའ་སྡོད་སོ་ཌི་ཨ་རེ་བྷི་ཡའི་ཕྱི་འབྲེལ་དོན་གཅོད་ཁང་དུ་གར་སོང་ཆ་མེད་དུ་གྱུར་པར་འདྲི་རྩད་བྱས་ཡོད་ངེས་ཀྱང་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་སོ་ཌི་ཨ་རེ་བྷི་ཡའི་སྲིད་གཞུང་གཉིས་ཀས་གསར་འགོད་པ་འཇའ་མལ་ཁ་ཞི་གྷིའི་གནས་སྟངས་སྐོར་ལ་བཀའ་མོལ་ཅི་ཞིག་གནང་ཡོད་མེད། སོ་ཌི་ཨ་རེ་བྷི་ཡའི་གསང་བའི་ལས་ཁང་གིས་གསར་འགོད་པ་ཁ་ཞོ་གྷི་བསད་པ་ཡིན་ཞེས་ངོས་ལེན་བྱས་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་ཕྱིར་ཅི་ཡང་བསྒྲགས་བྱས་མེད་པ་རེད།

ཏུར་ཀིའི་གཞུང་གིས་སོ་ཌི་ཨ་རེ་བྷི་ཡའི་ཕྱི་འབྲེལ་དོན་གཅོད་ཁང་དུ་གསར་འགོད་པ་འཇའ་མལ་ཁ་ཞོ་གྷི་དམར་གསོད་བྱས་པའི་བརྙན་པར་དང་སྒྲ་སྐད་གཉིས་ཀ་དཔང་རྟགས་གསལ་བོ་སྟོན་རྒྱུ་ཡོད། གསར་འགོད་པ་ཁ་ཞོ་གྷི་ཉིན་དེར་སོ་ཌི་ཨ་རེ་བྷི་ཡའི་ཕྱི་འབྲེལ་དོན་གཅོད་ཁང་དུ་སོང་ནས་ཕྱི་ལ་ནམ་ཡང་ཐོན་མ་སོང་། ཁོ་པའི་གཉེན་རྟགས་བརྒྱབ་པའི་ཆུང་མས་དོན་གཅོད་ཁང་གི་ཕྱི་ལོགས་ཀྱི་སྲང་ལམ་ནང་དུ་སྒུག་ཡོད། གསར་འགོད་པ་ཁ་ཞོ་གྷི་དམར་གསོད་བྱེད་པར་སོ་ཌི་ཨ་རེ་བྷི་ཡའི་གསང་བའི་ལས་ཁང་གིས་མི་༡༥་བཏང་བ་རྣམས་ཉིན་དེ་ཉིད་ལ་སོ་ཌི་ཨ་རེ་བྷི་ཡར་ཕྱིར་ལོག་བྱས་སོང་། གསར་འགོད་པ་ཁ་ཞོ་གྷི་བསད་པའི་རྗེས་སུ་སོ་ཌི་ཨ་རེ་བྷི་ཡའི་ཕྱི་འབྲེལ་དོན་གཅོད་ཁང་ལ་གསང་སྦྲ་བྱེད་མཁན་སྐད་བཏང་ནས་ཁང་པའི་ནང་གི་ཁྲག་དང་གང་སར་ཁྲག་ཐོར་ཡོད་པ་རྣམས་གཙང་དག་བྱེད་དུ་བཅུག་སོང་ཞེས་སྒྲུབ་བྱེད་གསལ་བོ་བཀོད།

ད་ལྟ་སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་ཀྱང་གསར་འགོད་པ་འཇའ་མལ་ཁ་ཞོ་གྷི་ལ་འདྲི་གཅོད་བྱས་པའི་སྐབས་སུ་རྡུང་རྡེག་ཕོག་ནས་ལག་ཉེས་ཤོར་སོང་ཞེས་ངོས་ལེན་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་མོད། འོན་ཀྱང་གསར་འགོད་པ་ཁ་ཞོ་གྷི་གསོད་དགོས་ཞེས་བཀའ་གཏོང་མཁན་དང་བཀོད་འདོམས་བྱེད་མཁན་གྱི་གྲས་སུ་སོ་ཌོ་ཨ་རེ་བྷི་ཡའི་རྒྱལ་པོའམ། ཡང་ན་ཁྲི་འཛིན་རྒྱལ་སྲས་གཉིས་ཚུད་ཡོད་མེད་ངེས་གཏན་བྱ་དཀའ། ད་སྔ་སོ་ཌི་ཨ་རེ་བྷི་ཡའི་གཞུང་འབྲེལ་མི་སྣ་ཚོས་གླེང་སློང་བྱེད་སྟངས་ལ་གཞིགས་ན་རྒྱལ་པོ་སལ་མན་དང་ཁྲི་འཛིན་རྒྱལ་སྲས་གཉིས་གསར་འགོད་པ་ཁ་ཞོ་གྷི་བསད་པའི་དོན་རྐྱེན་ལ་ཐེ་གཏོགས་དང་འབྲེལ་བ་ཡོད་པ་ངོས་ལེན་བྱ་འཆར་མེད་པ་རེད།

ཐོག་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་གསར་འགོད་པ་ཁ་ཞོ་གྷི་ངོ་མར་ལྐོག་གསོད་བྱས་ཡོད་པ་ཡིན་ན་ཨ་མི་རི་ཀས་སོ་ཌི་ཨ་རེ་བྷི་ཡར་ཉེས་ཆད་དྲག་པོ་གཅོད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཞིང་། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཀྱང་སོ་ཌི་ཨ་རེ་བྷི་ཡར་ཉེས་ཆད་དྲག་པོ་གཅོད་དགོས་ཞེས་གླེང་སློང་བྱེད་ཀྱི་ཡོད་རུང་སོ་ཌི་ཨ་བྷེ་ཡས་ཨ་མི་རི་ཀ་ནས་ཨ་སྒོར་ཐེམ་འབུམ་འགའ་ཞིག་གི་མཚོན་ཆ་ནང་འདྲེན་བྱེད་ཀྱི་ཡོད་པས་ཨ་མི་རི་ཀའི་གཞུང་གིས་སོ་ཌི་ཨ་རེ་བྷི་ཡར་ཉེས་ཆད་དྲག་པོ་གཅོད་ཐུབ་རྒྱུ་ཁག་པོ་ཡིན་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱས་འདུག

ཁ་སང་གཟའ་ཟླ་བའི་ཉིན་སྲིད་འཛིན་ཌལ་ནལ་ཊམ་གྱིས་སོ་ཌི་ཨ་རེ་བྷི་ཡའི་རྒྱལ་པོ་སལ་མན་ལ་ཁ་པར་བཏང་ནས་དུས་ཡུན་སྐར་མ་༢༠་ཙམ་གྱི་རིང་དུ་བཀའ་མོལ་གནང་རྗེས་སྲིད་འཛིན་ཌོ་ནལ་ཊམ་གྱིས་གསར་འགོད་པ་ཁ་ཞོ་གྷི་ཇག་ཚོགས་ལྟ་བུ་ཞིག་གིས་བསད་པ་ཡིན་སྲིད། སོ་ཌི་ཨ་རེ་བྷི་ཡའི་རྒྱལ་པོ་དང་ཁྲི་འཛིན་རྒྱལ་སྲས་སོགས་ཀྱིས་གནས་ཚུལ་ཆ་ཚང་ཞིག་ཤེས་རྟོགས་བྱུང་མེད་པ་འདྲ་ཞེས་སྐད་ཆ་བཤད་ལ་འགྱུར་བ་ཐེབས། སོ་ཌི་ཨ་རེ་བྷི་ཡའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་ཁྲི་འཛིན་རྒྱལ་ས་མོ་ཧ་མེཏ་ཀྱིས་གསར་འགོད་པ་འཇའ་མལ་ཁ་ཞོ་གྷི་རང་ཡུལ་ལ་འཁྲིད་ཡོང་དགོས། ཁོ་པར་འདྲི་གཅོད་བྱ་དགོས་ཞེས་བཀའ་བཏང་བ་ངོ་མ་ཡིན་རུང་གསར་འགོད་པ་དེ་གསོད་དགོས་པའི་བཀའ་བཏང་མེད། སོ་ཌི་ཨ་རེ་བྷི་ཡའི་གསང་བའི་ལས་ཁང་གི་ལས་སྣེ་ཚོས་འདྲི་གཅོད་བྱས་དུས་གསར་འགོད་པ་ཁ་ཞོ་གྷི་ལ་རྡུང་རྡེག་བཏང་ནས་ལག་ཉེས་ཤོར་སོང་ཞེས་འགྲེལ་བཤད་བརྒྱབ།

ཏུར་ཀིའི་གཞུང་གིས་སོ་ཌི་ཨ་རེ་བྷི་ཡའི་གསང་བའི་ལས་ཁང་གི་འགོ་ཁྲིད་ནི་ཁྲི་འཛིན་རྒྱལ་སྲས་ཀྱི་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་ཡིན་ཞིང་། བདུན་ཕྲག་གཉིས་ཀྱི་གོང་དེར་སོ་ཌི་ཨ་རེ་བྷི་ཡའི་གསང་བའི་ལས་ཁང་གི་མི་༡༥་ཏུར་ཀིའི་ཨི་སི་ཊན་བྷུལ་གྲོང་ཁྱེར་དུ་སླེབས་སོང་། ཁོ་ཚོས་གསར་འགོད་པ་ཁ་ཞོ་གྷི་དམར་གསོད་བྱས་པའི་རྗེས་སུ་ཕུང་པོ་གློག་གི་སོག་ལེས་དུམ་བུར་གཏུབས། ཕུང་པོའི་ཤ་དང་རུས་ཐོར་བུ་རྣམས་འགྱིག་ཤོག་ཁུག་མ་ནག་པོ་ཞིག་གི་ནང་དུ་བླུགས་ནས་མཉམ་དུ་འཁྱེར་སོང་ཞེས་ནག་ཉེས་བཙུགས།

གསར་འགོད་པ་ཁ་ཞོ་གྷིའི་སྐྱེས་ཡུལ་ནི་སོ་ཌི་ཨ་རེ་བྷི་ཡ་ཡིན་རུང་རྟག་ཏུ་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་རྩོམ་ཡིག་བྲིས་ནས་སོ་ཌི་ཨ་རེ་བྷི་ཡའི་ཆབ་སྲིད་གླེང་། ཁོ་པའི་རྩོམ་ཡིག་ཁག་ཅིག་གིས་སོ་ཌི་ཨེ་རེ་བྷི་ཡའི་གཞུང་དང་རྒྱལ་པོའི་སྐུ་འཁོར་རྣམས་ལ་ཕོག་ཐུག་ཆེན་པོ་སོང་བས་ཁྲི་འཛིན་རྒྱལ་སྲས་ཀྱིས་སོ་ཌི་ཨ་རེ་བྷི་ཡའི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱས་པའི་ཞོར་དུ་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོ་ལའང་དྲག་གནོན་བྱ་རྒྱུ་འགོ་ཚུགས། དེར་བརྟེན་གསར་འགོད་པ་ཨ་ཞོ་གྷི་རང་ཡུལ་དུ་འདུག་མ་ཐུབ་པར་ཨ་མི་རི་ཀར་སྐྱབས་བཅོལ་དུ་ཡོང་ནས་ཨ་རིར་གཏན་སྡོད་བྱེད་ཆོག་པའི་ལག་འཁྱེར་ལྗང་ཁུ་ཐོབ། ཁོ་པས་ཨ་མི་རི་ཀའི་ཉམས་ཞིབ་ལས་ཁང་ཁག་དང་འཛམ་གླིང་ཡུལ་གྲུ་གང་སའི་ཚོགས་འདུ་ཁག་ཏུ་གསར་འགོད་རང་དབང་ལ་སྲུང་སྐྱོབ་དགོས་པའི་གཏམ་བཤད་བྱས་པར་མ་ཟད། གསར་འགོད་པ་ཞོ་གྷི་དང་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་གྷན་གཉིས་བློས་ཐུབ་ཀྱི་གྲོགས་པོ་དང་། ད་དུང་གསར་འགོད་པ་ཁ་ཞོ་གྷི་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་འགོ་གཙོ་འདས་པོ་ཨོ་ས་མ་བྷིན་ལ་ཌན་ལའང་འབྲེལ་བ་དམ་ཟབ་བྱུང་སྟེ་བྷིན་ལ་ཌན་ལ་བཅར་འདྲི་ཞུས་མྱོང་ཡོད་ཅིང་། ད་ལྟ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གསར་འགོད་པ་ཁ་ཞོ་གྷི་ལྐོག་གསོད་ཐེབས་པར་བློ་ཕངས་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG