ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ལྷོ་བྱང་ཀོ་རི་ཡའི་གྲོས་མཐུན་དང་ཨ་རིའི་བློ་འཚབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༡༠་ཚེས་༡༥་ཉིན་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་མེ་འཁོར་ལྕགས་ལམ་དང་རྒྱ་ལམ་གྱི་འབྲེལ་བ་མཐུད་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ཁག་ཅིག་ཕྱིར་འཐེན་བྱ་དགོས་ཞེས་ལྷོ་ཀོ་རི་ཡས་གླེང་སློང་བྱེད་ཀྱི་ཡོད་པར་ཨ་མི་རི་ཀའི་བློ་འཚབ་ཇེ་ཆེར་སོང་། ལྷོ་བྱང་ཀོ་རི་ཡའི་གྲོས་མཐུན་དེར་ཕྱི་ཟླ་༡༡་པའི་ཟླ་མཇུག་གམ། ཡང་ན་ཕྱི་ཟླ་༡༢་པའི་མགོ་སྟོད་དུ་ལྷོ་བྱང་ཀོ་རི་ཡའི་བར་དུ་རྒྱ་ལམ་དང་མེ་འཁོར་ལྕགས་ལམ་གྱི་འབྲེལ་བ་མཐུད་རྒྱུའི་མཛད་སྒོ་འཚོགས་འཆར་ཡོད། ༡༩༥༣་ལོར་ཀོ་རི་ཡའི་དམག་འཁྲུག་ངང་འཐེན་བྱས་ནས་བཟུང་སྟེ་ལྷོ་བྱང་ཀོ་རི་ཡའི་བར་དུ་མེ་འཁོར་ལྕགས་ལམ་དང་རྒྱ་ལམ་གྱི་འབྲེལ་བ་ཆད་པ་བསྐྱར་དུ་མཐུད་ཐུབ་མེད། ཟླ་བ་འདི་ནས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་མཉམ་འབྲེལ་ཐོག་ཏུ་རྒྱ་ལམ་དང་མེ་འཁོར་ལྕགས་ལམ་སྒོ་འབྱེད་དང་སྐྱེལ་འདྲེན་གྱི་འཆར་གཞི་སོགས་ལ་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས་འཆར་ཡོད། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཀོ་རི་ཡའི་ནང་ཁུལ་གྱི་འབྲེལ་བ་ཡར་རྒྱས་དང་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཚོ་གྲོས་མཐུན་བྱུང་བ་རྣམས་ལག་ལེན་བསྟར་ཐབས་ལ་གྲོས་མོལ་ལྷུག་པོ་བྱུང་ཡོད་ཅེས་ལྷོ་ཀོ་རི་ཡའི་གཅིག་གྱུར་བློན་ཆེན་གྱིས་གསར་འགོད་གསལ་བསྒྲགས་སྤེལ།

ཟླ་བ་འདིའི་ཟླ་མཇུག་དེར་༢༠༣༢་ལོའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་མཉམ་དུ་མགྲོན་བདག་བྱ་རྒྱུའི་སྙན་ཞུ་འབུལ་ཕྱོགས་ལ་གྲོས་སྡུར་བྱ་རྒྱུ་དང་ཕྱི་ཟླ་༡༡་པ་ནས་ཀོ་རི་ཡའི་དམག་འཁྲུག་སྐབས་སུ་ཁ་གྱེས་དུམ་བུར་སོང་བའི་ཕ་མ་བུ་ཕྲུག་དང་གཉེན་ཚན་རྣམས་སླར་ཡང་བརྙན་མིག་བརྒྱུད་ནས་འབྲེལ་བ་བྱེད་དུ་འཇུག་རྒྱུ། ཕྱི་ཟླ་༨་ནང་དུ་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རྣམ་པས་དམག་དོན་ལ་འབྲེལ་བ་ཡོད་པའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད་པར་མ་ཟད། ད་ལྟ་ཕྱོགས་གཉིས་ཀྱི་དམག་དོན་མི་སྣ་ཁག་ཀྱང་མྱུར་དུ་ལྷན་འཛོམས་གྲོས་མོལ་བྱས་ནས་གྲོས་མཐུན་གྱི་འབྲུ་དོན་ཁག་ལག་ལེན་བསྟར་ཐབས་བྱ་འཆར་ཡོད་ཅིང་། ཟླ་བ་སྔོན་མའི་གྲོས་མཐུན་ཁོངས་སུ་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཕྱོགས་གཉིས་ཀྱི་མཐའ་མཚམས་སྲུང་དམག་གིས་སྐོར་གཡེང་མཉམ་དུ་བྱ་རྒྱུ། ཕྱོགས་གཉིས་ཀས་ས་མཚམས་སུ་སྦས་འཇོག་བྱས་ཡོད་པའི་ས་མེ་རྣམས་གཙང་དག་བྱ་རྒྱུ་དང་མཐའ་མཚམས་ཀྱི་སོ་ཁང་རྣམས་མེད་པར་གཏོང་རྒྱུ། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་དམག་སྦྱོང་བྱ་རྒྱུ་མིན་པའི་དོན་ཚན་ཁག་འདུས།

ཕྱི་ཟླ་༡༠་ཚེས་༢༢་ཉིན་ལྷོ་བྱང་ཀོ་རི་ཡའི་འཕྲོད་བསྟེན་ལས་སྣེ་ཚོ་ཐུག་འཕྲད་བྱས་ནས་སྨན་བཅོས་དང་ནད་རིགས་སྔོན་འགོག་གི་ལས་དོན་མཉམ་སྒྲུབ་བྱ་རྒྱུ་དང་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཆགས་པའི་ཁེ་སོང་གྲོང་རྡལ་གྱི་ཁེ་ལས་བཟོ་གྲྭ་ལོ་ཤས་གོང་དུ་སྒོ་བརྒྱབ་པ་བསྐྱར་དུ་སྒོ་འབྱེད་བྱ་རྒྱུ། ལྷོ་བྱང་ཀོ་རི་ཡའི་གྲོས་མོལ་འདིར་ཕྱོགས་གཉིས་ཀྱི་གཅིག་གྱུར་བློན་ཆེན་རྣམ་གཉིས་མཉམ་ཞུགས་དང་འགན་ལེན། ཁོ་ཚོས་ལྷོ་བྱང་ཀོ་རི་ཡ་གཉིས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་དང་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་གཏོང་བའི་ལས་འགན་གནད་འགག་ཅན་ཞིག་སྒྲུབ་ཀྱི་ཡོད་པའི་ངོས་འཛིན་གཅིག་མཚུངས་ཤིག་བྱེད་བཞིན་ཡོད། ད་དུང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་ཞིག་ཀྱང་མྱུར་དུ་འབྱུང་གྲབས་ཡོད་ཅེས་ལྷོ་ཀོ་རི་ཡའི་གཅིག་གྱུར་བློན་ཆེན་གྱིས་བཤད་འདུག

ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་མྱུར་པོ་འགྲོ་བཞིན་པར་ཨ་མི་རི་ཀ་བློ་འཚབ་ཡོང་གི་ཡོད་པ་དང་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པའི་གྲོས་མཐུན་ཁག་ལག་ལེན་བསྟར་མ་ཐུབ་གོང་དུ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་ཁག་ལག་ལེན་བསྟར་རྒྱུ་མགྱོགས་དྲགས་ཀྱི་ཡོད་སྲིད། ཁ་སྔོན་ཕྱི་ཟླ་༨་པར་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཕན་མོམ་ཇོམ་གྱི་ས་མཚམས་སུ་མེ་འཁོར་ལྕགས་ལམ་སྒོ་འབྱེད་ལ་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་གྲ་སྒྲིག་བྱས་ཀྱང་ཨ་མི་རི་ཀའི་དམག་གིས་ལྷོ་བྱང་ཀོ་རི་ཡ་གཉིས་ལ་ས་མཚམས་སུ་མེ་འཁོར་ལྕགས་ལམ་སྒོ་འབྱེད་ཀྱི་ཚོད་ལྟ་བྱེད་དུ་བཅུག་མེད་ཅིང་། ལྷོ་ཀོ་རི་ཡའི་ཕྱོགས་ཀྱི་ས་མཚམས་དེར་ཨ་མི་རི་ཀའི་དམག་གིས་སྲུང་སྐྱོབ་བྱས་ཡོད་པས་ཨ་རིའི་དམག་གི་ཆོག་མཆན་མེད་པར་ལྷོ་ཀོ་རི་ཡའི་གཞུང་གིས་ས་མཚམས་སྒོ་འབྱེད་སོགས་ཀྱི་གྲོས་མཐུན་ལག་ལེན་བསྟར་དཀའ། ལྷོ་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀར་ནང་མོལ་མ་བྱས་པར་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དམག་དོན་ལ་འབྲེལ་བ་ཡོད་པའི་གྲོས་མཐུན་ཞིག་བཞག་པར་ཨ་མི་རི་ཀ་དགའ་མེད་པ་སྟེ། ཨ་རིའི་ཕྱི་སྲིད་དྲུང་ཆེས་ལྷོ་བྱང་ཀོ་རི་ཡའི་དམག་དོན་གྲོས་མཐུན་དེར་འདོད་པ་ཁེངས་མེད་པའི་རྣམ་འགྱུར་བསྟན་ཡོད་པ་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ངེས་གཏན་བྱས་འདུག་ལ། གཟའ་འཁོར་སྔོན་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་ཆོག་མཆན་མེད་པར་ལྷོ་ཀོ་རི་ཡའི་གཞུང་གིས་བྱང་ཀོ་རི་ཡར་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱེད་མི་ཆོག་ཅེས་ཉེན་བརྡ་བཏང་ངོ་།།

XS
SM
MD
LG