ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་ཡུ་གུར་བ་ཚོར་རྒྱ་ནག་གི་སྡིགས་སྐུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཁ་སང་སྤྱི་ཟླ་༡༠་ཚེས་༡༠་ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་སྤྱི་ལོ་༢༠༡༨་ལོའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་བཏོན་ཡོད་ཅིང་། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཨ་མི་རི་ཀར་གནས་སྡོད་བྱེད་མཁན་ཞིན་ཅང་གི་ཡུ་གུར་བ་ཚོར་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་སྡིགས་ར་སྐུལ་གྱིན་ཡོད་པའི་གནས་ཚུལ་ཐོན་གྱིན་འདུག དེས་ན་ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་གིས་ཨ་རིའི་ཡུ་གུར་བ་ཚོར་རྒྱ་ནག་གིས་སྡིགས་སྐུལ་གྱི་ཡོད་མེད་ཞིབ་འཇུག་གཟབ་ནན་བྱ་དགོས་ཞེས་དགོས་འདུན་བཏོན། རྒྱ་ནག་ལས་དོན་ཚོགས་ཆུང་གི་འགན་འཛིན་ཏེ། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཁེ་རི་སི་སི་མི་ཐེས་ཨ་རིའི་རླུང་འཕྲིན་ཁང་དུ་བརྗོད་དོན། ད་ལོ་ནི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་ཞིབ་འཇུག་སྙན་ཐོ་བཏོན་ནས་ལོ་༡༧་ཕྱིན་ཡོད། ༢༠༡༨་འདི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཆེས་ཐབས་རྡུགས་སུ་གྱུར་པའི་ལོ་ཞིག་རེད་ཅེས་བརྗོད།

ལོ་འཁོར་སྙན་ཐོ་འདིར་རྒྱ་ནག་དམར་ཕྱོགས་ཚོགས་པས་རང་གི་ཆབ་སྲིད་ཀྱི་སྒྲིག་གཞིར་སྲུང་སྐྱོབ་བྱ་རྒྱུར་ནུས་ཤུགས་གང་ཡོད་འདོན་གྱི་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་མིང་ཐོག་ཏུ་མི་དམངས་ལ་དྲག་གནོན་དང་སྟངས་འཛིན། བསམ་བློ་སྒྱུར་བཀོད་སོགས་བྱས་ནས་དབང་ཆ་སྒེར་སྡོམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱིན་འདུག ད་སྔ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་གཙོས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ས་ཡ་གཅིག་ལྷག་སློབ་གསོ་བསྐྱར་མ་སྤེལ་སའི་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་ཡོད་པ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་གྲངས་ཉུང་མི་རིགས་ཤིག་གི་མི་འབོར་ཆེས་མང་བ་ཞིག་སྡེབ་ཏུ་བཀག་ཉར་ཁང་དུ་བཅུག་པ་ཐེངས་དང་པོ་རེད། འདི་ནི་འགྲོ་བ་མིའི་རིགས་ལ་གཙེ་རྒོལ་བྱས་པའི་ནག་ཉེས་ཤིག་རེད་ཅེས་བརྗོད་འདུག

གཞན་ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་རྒྱ་ནག་ལས་དོན་ཚོགས་ཆུང་གི་འགན་འཛིན་མར་ཁོ་རུ་བྷིའོ་ཡིས་ཀྱང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་འདུག འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཨ་རི་དང་རྒྱ་ནག་གི་འབྲེལ་བར་འགལ་རྐྱེན་ཞིག་ཏུ་འགྱུར་སྲིད། རྒྱ་ནག་མི་དམངས་ལ་གཞི་རྩའི་འགྲོ་བ་མིའི་རང་དབང་གི་ཐོབ་ཐང་རྣམས་ལོངས་སུ་སྤྱོད་རྒྱུའི་འགལ་རྐྱེན་དུའང་འགྱུར་གྱིན་འདུག་ཅེས་སྐྱོན་བརྗོད་བྱས་འདུག

སྙན་ཐོ་དེར་སྤྱི་ལོ་༢༠༡༦་ལོའི་ཟླ་བ་༨་པར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཕྱོགས་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཕྱོགས་ཚོགས་པའི་དྲུང་ཆེར་གནས་སྤོར་བྱས་ནས་བཟུང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་ཞིང་། དཔེར་ན་ཡུ་གུར་བའི་ཆོས་ལུགས་དད་མོས་དང་སྐད་ཡིག རིག་གནས་སོགས་ལ་སྟངས་འཛིན་དང་དམ་དྲག་ཆེན་པོ་བྱས་ཤིང་། རྒྱ་ནག་གཞུང་གིས་དེང་རབས་ཀྱི་ཚན་རྩལ་གྱི་ལག་ཆ་བཀོལ་ནས་མིའི་རྒྱུད་རྒྱུ་ཉར་ཚགས་དང་མིག་གི་ཚོན་མདོག་ཉར་ཚགས། མཛུབ་ཐིལ་ལེན་པ་སོགས་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་འཐུས་མི་ཁེ་རི་སི་སི་མཱི་ཐེས་ང་ཚོས་བསྒྲུབ་ཐུབ་པའི་ལས་དོན་མང་པོ་ཞིག་ཡོད། ང་ཚོས་ཨ་རིའི་བཟོ་ཚོང་ལས་ཁང་ཁག་གི་ཐོན་རྫས་རྣམས་རྒྱ་ནག་ལ་ཕྱིར་ཚོང་བྱ་རྒྱུ་ཚོད་འཛིན་བྱེད་ཆོག ཡིན་ནའང་ང་ཚོས་ད་ལྟ་བར་དུ་དེ་ལྟར་ལག་ལེན་བསྟར་མེད། ད་དུང་ང་ཚོས་དམག་དོན་ཡོ་བྱད་ཁག་ཅིག་ལའང་ཚོད་འཛིན་བྱེད་ཆོག རྒྱ་ནག་གི་དམག་དོན་སྟོབས་ཤུགས་རྒྱ་སྐྱེད་འགྲོ་བཞིན་པ་རྩ་བའི་ཆ་ནས་ཨ་རིའི་ཚན་རྩལ་བཟོ་ཚོང་ཁང་ཁག་ལ་བརྟེན་ནས་བྱུང་བ་ཞིག་རེད། རྒྱ་ནག་གི་དམག་དོན་ཡོ་བྱད་ཀྱི་མ་ལག་རྣམས་ཨ་རི་དང་གཅིག་མཚུངས་སུ་འགྱུར་གྱི་ཡོད་པ་ཨ་རིའི་དམག་དོན་ཡོ་བྱད་ཀྱི་ལག་རྩལ་རྣམས་རྒྱ་ནག་གིས་རྐུ་འཁྱེར་བྱས་ནས་བྱུང་བ་ཞིག་མ་ཡིན་པར་ཨ་རིའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་ལག་རྩལ་དེ་དག་ཕྱིར་ཚོང་བྱས་ནས་བྱུང་བ་རེད། དེར་བརྟེན་ང་ཚོས་རང་གི་དམག་དོན་ཡོ་བྱད་ཁག་ཅིག་རྒྱ་ནག་ལ་ཕྱིར་ཚོར་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་བཤད་འདུག

ད་ལོའི་སྙན་ཐོ་འདིར་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱང་འཁོད་ཡོད་པ་སྟེ། ཧོང་ཀོང་ལ་གཞི་རྩའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་དབང་ཐོབ་ཁག་རིམ་བཞིན་བཙན་འཕྲོག་བྱེད་ཀྱི་ཡོད་ཅིང་། སྤྱི་ལོ་༢༠༡༨་ལོའི་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་འོས་བསྡུའི་སྐབས་སུ་འོས་མི་ཁག་ཅིག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་བསྙད་ནས་འཐུས་མི་དེ་རྣམས་འོས་བསྡུར་ཞུགས་ཆོག་པའི་ཐོབ་ཐང་མེད་པར་བཏང་འདུག་ཅེས་བཀོད་དོ།།

XS
SM
MD
LG