ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་གནོན་ཤུགས་ལ་མ་འཛེམས་པར་ཡུ་གུར་བ་ཚོ་གློད་གྲོལ།


༄༅།། རྒྱ་ནག་གི་གནོན་ཤུགས་ལ་མ་འཛེམས་པར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་མ་ལེ་ཤི་ཡའི་གཞུང་གིས་རང་ཡུལ་དུ་བཀག་ཉར་བྱེད་ཡོད་པའི་ཞིན་ཅང་གི་ཡུ་གུར་བ་༡༡་གློད་གྲོལ་བཏང་སྟེ་ཏུར་ཀི་རྒྱལ་ཁབ་ལ་བསྐྱོད་དུ་བཅུག་འདུག སྔ་ལོ་ཞིན་ཅང་གི་ཡུ་གུར་པ་དེ་རྣམས་ཐེ་ལན་ཌིའི་བཙོན་ཁང་ཞིག་ནས་མ་ལེ་ཤི་ཡར་བྲོས་བྱོལ་དུ་སླེབས། རྒྱ་ནག་གཞུང་གིས་མ་ལེ་ཤི་ཡའི་གཞུང་ལ་ཞིན་ཅང་གི་ཡུ་གུར་བ་དེ་རྣམས་རྒྱ་ནག་ལ་ཕྱིར་སློག་བྱ་དགོས་ཞེས་གནོན་ཤུགས་སྤྲད་ཀྱང་མ་ལེ་ཤི་ཡའི་གཞུང་གིས་ཟླ་བ་མང་པོར་ཡུ་གུར་བ་དེ་རྣམས་རྒྱ་ནག་ལ་ཕྱིར་སློག་མ་བྱས་བཀག་ཉར་བྱས་ཡོད་པ་རེད།

ཁ་སྔོན་ཕྱི་ཟླ་༥་ནང་དུ་མ་ལེ་ཤི་ཡའི་སྲིད་འཛིན་ཟུར་པ་མ་ཧ་ཐིར་ལ་སླར་ཡང་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་རྗེས་སུ་རྒྱ་ནག་དང་མ་ལེ་ཤི་ཡའི་འབྲེལ་བར་ཕྱོགས་ཡོངས་ནས་བསྐྱར་ཞིབ་ཀྱིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་མ་ལེ་ཤི་ཡར་ཨ་སྒོར་དུང་ཕྱུར་༢༠༠་ཙམ་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུའི་གན་རྒྱ་བཞག་ཡོད་པ་ཕྱིར་འཐེན། སྲིད་གཞུང་སྔོན་མའི་དུས་སུ་མ་ལེ་ཤི་ཡ་རྒྱ་ནག་གི་དཀྱིལ་འཁོར་དུ་ཉེ་བར་འཛུལ་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་པར་འགྱུར་བ་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་རྐྱེན་འབྱུང་གི་ཡོད་ཅིང་། ད་ལྟ་མ་ལེ་ཤི་ཡའི་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་རྒྱ་ནག་ལ་ཕྱིར་སློག་མ་བྱས་པར་ཏུར་ཀི་རྒྱལ་ཁབ་ལ་བཏང་བས་རྒྱ་ནག་དང་མ་ལེ་ཤི་ཡའི་འབྲེལ་བར་སླར་ཡང་འགལ་རྐྱེན་གསར་པ་ཞིག་འཕྲད་འདུག

མ་ལེ་ཤི་ཡའི་ཕྱི་མི་ཡུལ་སྤོར་ལྷན་ཁང་དང་ཕྱི་སྲིད་ལྷན་ཁང་། ཁྲིམས་འཛིན་ལྷན་ཁང་བཅས་ལ་རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་ཁ་པར་བཏང་ནས་འབྲེལ་བ་བྱས་ཀྱང་ལན་འདེབས་བྱས་མེད་ཅིང་། གཟའ་ཕུར་བུའི་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་ཏུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཀྱང་མ་ལེ་ཤི་ཡའི་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་༡༡་ཏུར་ཀི་རྒྱལ་ཁབ་ལ་བཏང་བ་གླེང་སློང་གང་ཡང་མ་བྱས་པར་སྣང་ལྟར་བཞག ན་ནིང་ཕྱི་ཟླ་༡༡་ནང་དུ་ཞིན་ཅང་གི་ཡུ་གུར་བ་དེ་དག་གིས་ཐེ་ལན་ཌིའི་བཙོན་ཁང་ཞིག་གི་རྩིག་གྱང་ལ་ཨི་ཁུང་བརྡོལ་བ་དང་ཀམ་པ་ལིར་འཕྱངས་ཏེ་བཙོན་ཁང་ནས་བྲོས་བྱོལ་དུ་སོང་སྟེ་མ་ལེ་ཤི་ཡར་སྐྱབས་བཅོལ་ཞུས། མ་ལེ་ཤི་ཡའི་གཞུང་གིས་ཡུ་གུར་བ་དེ་རྣམས་མ་ལེ་ཤི་ཡར་ཐོངས་མཆན་མེད་པར་ཁྲིམས་འགལ་གྱིས་འཛུལ་ཞུགས་བྱས་སོང་ཞེས་ནག་ཉེས་བཙུགས་ནས་ཡུ་གུར་བ་དེ་རྣམས་བཀག་ཉར་ཁང་དུ་བཅུག ཁ་སྔོན་ཕྱི་ཟླ་༢་པ་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དེ་རྣམས་རྒྱ་ནག་ལ་ཕྱིར་སློག་བྱ་དགོས་ཞེས་མ་ལེ་ཤི་ཡའི་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲོད་འགོ་ཚུགས་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མ་ལེ་ཤི་ཡར་ཞིན་ཅང་གི་ཡུ་གུར་བ་དེ་རྣམས་རྒྱ་ནག་ལ་རྩིས་སྤྲོད་མི་བྱ་བའི་རེ་བ་ཡོད་ཅེས་སྐུལ་ལྕག་ལན་མང་བཏང་འདུག

རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོས་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། མཐའ་ལྷུང་རིང་ལུགས་ཀྱི་ལས་འགུལ་སྤེལ་ནས་ཞིན་ཅང་གི་ས་ཐོག་ཏུ་འཚོ་གནས་བྱེད་བཞིན་པའི་རྒྱ་མི་རིགས་ལ་རྒོལ་རྡུང་བྱེད་ཀྱིན་འདུག ཞིན་ཅང་གི་ཡུ་གུར་བ་ཚོས་རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་ཀྱིན་འདུག་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་ཀྱང་ཕྱི་རྒྱལ་ན་ཡོད་པའི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་གིས་རྒྱ་ནག་གི་སྐྱོན་འཛུགས་དེར་དགག་པ་བརྒྱབ་སྟེ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་ཀྱི་ཆོས་ལུགས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་གཏོང་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་མ་ཟད། ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་གཙོས་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་གཅིག་ལྷག་བཀག་ཉར་ཁང་མང་པོ་ཞིག་གི་ནང་དུ་བཅུག་ནས་ཆབ་སྲིད་བསམ་བློའི་སློབ་གསོ་གཏོང་གི་ཡོད་པ་དང་། ཞིན་ཅང་གི་ཡུ་གུར་བའི་སྐྱེས་པ་ཚོས་ཁ་སྤུ་དང་རྒྱ་གཞར་དགོས་པ་དང་བུད་མེད་ཚོས་གདོང་འཁེབས་གྱོན་ནས་མགོ་རས་དཀྲི་མི་ཆོག་པ། ཡུ་གུར་བའི་སློབ་ཕྲུག་དང་ལས་བྱེད་པ་རྣམས་ལྷ་ཁང་ཁག་ཏུ་ཕྱག་འཚལ་བ་དང་ཁ་འདོན་བྱེད་དུ་བསྐྱོད་མི་ཆོག་པ། ཡུ་གུར་བའི་ཕྲུ་གུ་གསར་སྐྱེས་ཚོར་ཁ་ཆེའི་ཆོས་ལུགས་ཀྱི་མཚོན་དོན་ཡོད་པའི་མིང་འདོགས་མི་ཆོག་པའི་གདུང་རྩུབ་ཅན་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།།

༢༠༠༩་ནས་བཟུང་སྟེ་ཞིན་ཅང་གི་ཡུ་གུར་བ་བརྒྱ་ཕྲག་འགའ་ཞིག་རང་ཡུལ་ལ་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་འགྲོ་དགོས་ཐུག་ཡོད་པ་སྟེ། ༢༠༡༤་ཞིན་ཅང་གི་ཡུ་གུར་བ་༢༠༠་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལན་ཌི་ལ་བྲོས་བྱོལ་དུ་སླེབས་ཀྱང་༢༠༡༥་ལོར་རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཐེ་ལན་ཌིའི་གཞུང་གིས་ཡུ་གུར་བ་༡༠༠་ལྷག་རང་ཡུལ་ལ་ཕྱིར་སློག་བྱས་ཡོད་པ་རེད། མ་ལེ་ཤི་ཡའི་སྲིད་འཛིན་ཟུར་པ་ན་ཇིབ་ར་ཛག་གི་དུས་སུ་རྒྱ་ནག་དང་མ་ལེ་ཤི་ཡར་འབྲེལ་བ་དམ་ཟབ་ཚུགས་མོད། འོན་ཀྱང་ལོ་ན་༩༣་ལ་སོན་པའི་མ་ལེ་ཤི་ཡའི་སྲིད་འཛིན་གསར་པ་མ་ཧ་ཐིར་གྱིས་སྲིད་གཞུང་སྔོན་མའི་སྲིད་ཇུས་ཁག་ལ་འགྱུར་བ་བཏང་སྟེ་ཞིན་ཅང་གི་ཡུ་གུར་བ་དེ་དག་གི་གནས་སྟངས་ལའང་འགྱུར་བ་ཐེབས་ཡོད་པ་རེད།།

XS
SM
MD
LG