ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༣/༣༠

འཇོ་མདའ་རྫོང་དུ་རི་ཉིལ་ནས་འབྲི་ཆུ་འགགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་མདོ་ཁམས་འཇོ་མདའ་རྫོང་། སྤོ་ལོ་ཤང་གི་མངའ་ཁོངས་སུ་དེ་རིང་ཕྱི་ཟླ་༡༠་ཚེས་༡༡་གི་ཞོགས་པའི་ཆུ་ཚོད་༧་པ་ཡས་མས་སུ་རི་ཉིལ་ནས་འབྲི་ཆུ་འགགས་པའི་གནས་ཚུལ་རྣམས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་དང་ཁམས་པའི་བརྙན་འཕྲིན་ཁང་གིས་སྤེལ་ཡོད་པར་མ་ཟད། ཨ་རིའི་རླུང་འཕྲིན་ཁང་གིས་ཐད་ཀར་བོད་ལ་སྐད་འཕྲིན་བརྒྱུད་ནས་འདྲི་རྩད་བྱས་ཏེ་གནས་ཚུལ་ངེས་གཏན་བྱེད་ཐུབ་འདུག་ཅིང་། ད་ལྟའི་རི་ཉིལ་ནས་འབྲི་ཆུ་འགག་ས་ཆབ་མདོ་ས་ཁུལ་གྱི་ས་ཆ་དེ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་ཡུལ་རྫོང་གི་ས་མཚམས་སུ་ཁེལ་གྱི་ཡོད་ཀྱང་སྔ་མོའི་སྲོལ་རྒྱུན་ལྟར་ན་ས་ཆ་དེ་སྡེ་དགེའི་ཁྱབ་ཁོངས་ཀྱི་ས་ཆ་ཞིག་རེད་འདུག

ད་སྔ་ས་གནས་དེའི་ཡུལ་མི་དང་སྒོ་ཕྱུགས་སེམས་ཅན་སོགས་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོས་རྒྱུ་མེད་ཀྱང་ཁམས་པའི་བརྙན་འཕྲིན་ཁང་གིས་ས་གནས་མི་མང་རྣམས་ཚང་གི་ཡོད་མེད་གྲངས་རྩི་བྱེད་བཞིན་ཡོད་པའི་གནས་ཚུལ་བཀོད་འདུག་པར་མ་ཟད། དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་ཟེར་པའི་སྲིད་གཞུང་གི་ལས་སྣེ་ཚོས་ཀྱང་དཔལ་ཡུལ་རྫོང་སོགས་ལ་འབྲེལ་བྱས་ནས་ས་ཁུངས་སོ་སོར་དུས་ཐོག་ཏུ་ངལ་སྐྱོབ་ལས་དོན་བསྒྲུབ་དགོས་པའི་བཀོད་སྒྲིག་བྱེད་བཞིན་པའི་གནས་ཚུལ་སྤེལ་འདུག

དཀར་མཛེས་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་དམིགས་བསལ་ཉེན་རྟོག་པ་འཕྲལ་དུ་ལས་འགན་བསྒྲུབ་ཏུ་མངགས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དུ་བཅུག་པ་རེད་ཅེས་ཀྱང་བཀོད། གོང་ཞུས་ཀྱི་གསར་འགྱུར་ནང་དུ་རང་འབྱུང་ཁམས་ཀྱི་གོ་ཆག་སྐབས་སུ་མིའི་ཚེ་སྲོག་དང་རྒྱུ་ནོར་སྲུང་སྐྱོབ་བྱེད་མཁན་གྱི་ཉེན་སྐྱོབ་རུ་ཁག་བཏང་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་བཀོད་མེད་པ་རེད།

ཞིང་ཆེན་ཆུ་བེད་ཐིང་ཟེར་པའི་དམིགས་བསལ་ཆེད་ལས་པ་ས་གནས་དེར་བཏང་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་གྱི་སྤྱི་གཉེར་ཁང་གིས་འཕྲུལ་ཆས་ཆེ་ཁག་གྲ་སྒྲིག་བྱས་ནས་ཆུ་བཤང་གི་ལས་ཀར་རོགས་འདེགས་བྱ་རྒྱུར་མཐུན་སྦྱོར་བྱས་པ་རེད་”ཅེས་བཀོད་འདུག

ཁམས་པའི་བརྙན་འཕྲིན་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་དོན། གཞུང་འབྲེལ་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན་ད་ཆར་ཆུ་འཁྱིལ་་མཚེའུ་དེའི་རིང་ཚད་སྤྱི་ལེ་གཅིག་ཡས་མས་ཤིག་ཡོད་ཅིང་། མཚེའུ་ནང་གི་ཆུ་བསགས་ཚད་སྨི་གྲུ་བཞི་མ་ཁྲི ༧༠༠ བརྒལ། ད་དུང་ཡང་འཁྱིལ་ཆུ་ཇེ་ཆེར་འགྲོ་བཞིན་འདུག སི་ཁྲོན་ཞིང་ཆེན་ཆུ་ལོག་སྔོན་འགོག་བཀོད་འདོམས་པུའུ་ཡིས་ཆུ་འཁྱིལ་མཚེའུ་མན་ཆད་ཀྱི་གྲོང་མི་རྣམས་དང་ཨར་ལས་སྡེ་ཚན་རྣམས་ཡུལ་ལུང་གཞན་དུ་སྤོར་དགོས་པའི་ལམ་སྟོན་བྱས་པ་རེད་ཅེས་བཀོད།

འབྲི་ཆུ་འགག་སའི་སྨད་རྒྱུད་ཏུ་ཆགས་པའི་མི་རྣམས་ཉེན་གཡོལ་དུ་བསྐྱོད་དགོས་བྱུང་ཡོད་པ་དང་ས་གནས་ཀྱི་བོད་པ་ཚོས་རི་ཉིལ་ནས་འབྲི་ཆུ་འགགས་པའི་བརྙན་པར་ཚན་པ་འགའ་ཞིག་སྤྱི་ཚོགས་འབྲེལ་མཐུན་དྲྭ་ལམ་དུ་སྤེལ་འདུག་པས་བརྙན་པར་ཁ་ཤས་ནང་དུ་མི་འགའ་རེས་འཁུར་པོ་ཁུར་ནས་ལ་རྒྱག་བཞིན་པ་མཐོང་རྒྱུ་འདུག

ཡང་བརྙན་པར་འགའ་རེའི་ནང་དུ་བོད་པ་ཞིག་གིས་“ད་གྲོགས་པོ་ཚོ་ས་བརྐོས་རྡོ་སློག་མང་པོ་བྱས་ན་འདི་འདྲ་ཡོང་གི་རེད། འདི་འདྲ་བྱས་ན་ཨེ་དགའ་མི་་དགའ་ལྟོས”ཞེས་བརྗོད་འདུག

སྤྱིར་བོད་པ་མང་པོ་ཞིག་གིས་རྒྱ་ནག་གི་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་བྱེད་བཞིན་པ་ནི་ས་བརྐོས་རྡོ་སློག་མང་པོ་བྱས་ན་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་དང་། རང་བྱུང་ཁམས་ཀྱི་གོ་ཆག་གི་འབྱུང་རྩ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གང་སར་གཏེར་ཁ་སྔོག་འདོན་རྒྱ་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཡང་ཡང་ཐོན་བཞིན་ཡོད་ཅིང་། རྒྱ་ནག་གིས་བོད་ཀྱི་ས་ཐོག་ཏུ་ཟངས་ཀྱི་གཏེར་ཁ་ཆེ་ཤོས་ཤིག་སྔོག་གི་ཡོད་པ་ནི་གཡུ་ལུང་ཟངས་གཏེར་ཟེར་བ་དེ་ཡིན་པས་ས་གནས་དེ་འཇོ་མདའ་རྫོང་དང་ས་འབྲེལ་ཁེལ་རུང་ཐེངས་འདིའི་རི་ཉིལ་ས་ཁུལ་དེར་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་མེད་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མ་སོང་ངོ་།།

XS
SM
MD
LG