ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དང་ཧྥི་ལི་ཕིན། ཨ་རིའི་དམག་སྦྱོང་།


ཟླ་བ་རྗེས་མར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཧྥི་ལི་ཕིན་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་ཀྱང་སྐབས་དེར་ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་སྦྱོང་ཆེན་པོ་ཞིག་བྱེད་ཀྱི་ཡོད་པས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཞིས་ཅིན་ཕིང་གི་བདེ་འཇགས་ལ་བློ་འཚབ་བྱེད་ཀྱི་ཡོད་ཅིང་། ཧྥི་ལི་ཕིན་གྱི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་པ་ཚོར་བཤད་པ་ལྟར་ན་གཟའ་འཁོར་འདིར་མ་ཎི་ལར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཀྲའོ་ཅན་ཧྭ་དང་ཧྥི་ལི་ཕིན་གྱི་སྲིད་འཛིན་དྷུ་ཏར་ཐེ་གཉིས་ཐུག་འཕྲད་བྱས་ཏེ། རྒྱ་ནག་གི་གཞུང་ཚབ་པས་སྲིད་འཛིན་ཞིས་ཅིན་ཕིང་གི་བདེ་འཇགས་ལ་བློ་འཚབ་འདུག་ཅེས་ཧྥི་ལི་ཕིན་གྱི་སྲིད་འཛིན་དྷུ་ཏར་ཐེ་ལ་ཞུས་སོང་། སྲིད་འཛིན་དྷུ་ཏར་ཐེས་རྒྱ་ནག་གི་གཞུང་ཚབ་པར་ཨ་མི་རི་ཀའི་དམག་སྦྱོང་ཁོངས་སུ་ཧྥི་ལི་ཕིན་མཉམ་ཞུགས་བྱ་འཆར་མེད། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་བློ་འཚབ་བྱ་དགོས་དོན་མེད་པའི་ཁག་ཐེག་བྱས་སོང་ཞེས་གསར་འགོད་པ་ཚོར་བསྒྲགས།

ཧྥི་ལི་ཕིན་གྱི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཧྥི་ལི་ཕིན་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་ཨ་མི་རི་ཀས་ཧྥི་ལི་ཕིན་གྱི་ཉེ་འཁོར་དུ་དམག་སྦྱོང་བྱེད་ཀྱི་ཡོད་པར་རྒྱ་ནག་གིས་བློ་འཚབ་བྱེད་པ་ལ་ཁག་མེད་ཅེས་བཤད་ཀྱང་ཨ་མི་རི་ཀའི་དམག་སྦྱོང་གང་འདྲ་ཞིག་ལ་རྒྱ་ནག་གིས་བློ་འཚབ་བྱེད་ཀྱི་ཡོད་པ་ཧྥི་ལི་ཕིན་གྱི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པས་འགྲེལ་བཤད་བརྒྱབ་མེད་པ་དང་། རྒྱ་ནག་དང་ཧྥི་ལི་ཕིན་གཉིས་ཀ་ཞིས་ཅིན་ཕིང་གི་འཚམས་འདྲི་ཐེངས་དང་པོ་དེར་གྲུབ་འབྲས་གང་ལེགས་འཐོན་རྒྱུ། པེ་ཅིང་དང་མ་ཎི་ལའི་འབྲེལ་བ་སྔར་ལས་སྲ་བརྟན་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་པར་མ་ཟད། ༢༠༡༦་ལོར་སྐུ་ཞབས་དྷུ་ཏར་ཐེས་ཧྥི་ལི་ཕིན་གྱི་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་བཏང་ནས་ཕྱོགས་གཉིས་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྩོད་གླེང་གི་འགལ་ཟླ་ཡོད་པ་སེལ་ཐབས། ཧྥི་ལི་ཕིན་གྱི་སྲིད་གཞུང་སྔོན་མ་དང་རྒྱ་ནག་གཉིས་ཕན་ཚུན་ཡིད་ཆེས་མེད་པའི་དོགས་པ་སངས་ཐབས། ཁོང་གིས་རྒྱ་ནག་ལ་ཕོག་ཐུག་མི་གཏོང་བའི་ཆེད་དུ་ཧྥི་ལི་ཕིན་དང་ཨ་མི་རི་ཀར་མཉམ་འབྲེལ་དམག་སྦྱོང་བྱེད་སྲོལ་ཡོད་པ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཀྱང་ཨ་མི་རི་ཀ་དང་ཧྥི་ལི་ཕིན་གྱི་མཉམ་འབྲེལ་དམག་སྦྱོང་རྒྱུན་སྐྱོང་བྱེད་ཀྱི་ཡོད་པ་རེད།

ཨ་མི་རི་ཀས་འགོ་ཁྲིད་པའི་མཉམ་འབྲེལ་དམག་སྦྱོང་མཐའ་དག་ལ་རྒྱ་ནག་གིས་ངོ་རྒོལ་བྱས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁོངས་བརྒྱ་ཆ་༩༠་ཙམ་གྱི་བདག་དབང་རྒྱ་ནག་ལ་ཡོད། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་དེ་རྣམས་ཉེ་འཁོར་གྱི་འབྲེལ་ཡོད་རྒྱལ་ཁབ་ཁག་གི་ནང་ཁུལ་དུ་གྲོས་བསྡུར་བྱས་ནས་ཐག་གཅོད་བྱ་དགོས། ཨ་མི་རི་ཀ་དང་ཚོགས་པ་གསུམ་པ་ཞིག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་ཁག་ལ་ཐེ་གཏོགས་བྱེད་དགོས་དོན་མེད་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན་རང་དབང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། ཨ་མི་རི་ཀའི་ཚོང་ལས་དང་དཔལ་འབྱོར་གྱི་ཁེ་ཕན་མང་པོ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་སྐྱེལ་འདྲེན་དང་འགྲིམ་འགྲུལ་རང་དབང་ལ་ཐུག་ཡོད་ཅེས་དགག་པ་བརྒྱབ། ལོ་ལྟར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༥་ལྷག་བརྒལ་བའི་འཛམ་གླིང་གི་ཚོང་ཟོག་རྣམས་ལྷོ་རྒྱ་ནག་རྒྱ་མཚོ་བརྒྱུད་ནས་སྐྱེལ་འདྲེན་བྱེད་ཀྱི་ཡོད་པས་ཨ་མི་རི་ཀ་གཅིག་པུ་མིན་པར་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨོ་གླིང་རྒྱལ་ཁབ། ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་གིས་ཀྱང་རང་རང་གི་དཔལ་འབྱོར་དང་ཚོང་ལས་ཀྱི་ཁེ་ཕན་དོན་དུ་ལྷོ་རྒྱ་ནག་རྒྱ་མཚོའི་འགྲིམ་འགྲུལ་དང་སྐྱེལ་འདྲེན་རང་དབང་ལ་སྲུང་སྐྱོབ་བྱ་དགོས་ཟེར་ཡོད་པ་རེད།

ཉེ་ཆར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཨ་མི་རི་ཀའི་དམག་གྲུ་ལ་རྒྱ་ནག་གི་དམག་གྲུ་ཞིག་གིས་རྡུང་ག་རྒྱག་གྲབས་བྱས་ནས་བཟུང་། ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གིས་ཨ་རིའི་སྐམ་མཚོ་གནམ་གསུམ་གྱི་དམག་གི་དཔུང་སྡེ་ཁག་ལ་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོ། ཐེ་ཝན་མཚོ་འགག་དང་ཞི་བདེ་རྒྱ་མཚོ། བྱང་མཚོ་བཅས་ཀྱི་ཉེ་འཁོར་དུ་ཨ་མི་རི་ཀའི་ཤར་ཕྱོགས་མཚོ་དམག་གི་དཔུང་སྡེས་དམག་སྦྱོང་ཆེན་པོ་ཞིག་བྱས་ནས་ཨ་མི་རི་ཀའི་དམག་གི་སྟོབས་ཤུགས་ངོམ་དགོས། ཉེ་དུས་ཤིག་ནས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་དམག་གི་སྟོབས་ཤུགས་ངོམ་ནས་འཁྲུག་རྩོད་སློང་གི་ཡོད་པར་ཨ་མི་རི་ཀས་བརྡ་ལན་གསལ་བོ་ཞིག་སྤྲོད་དགོས་ཞེས་བཀའ་བཏང་སྟེ། ཨ་མི་རི་ཀའི་སྐམ་མཚོ་གནམ་གསུམ་གྱི་དམག་གི་འབྲེལ་ཡོད་དཔུང་སྡེ་ཁག་གིས་དམག་སྦྱོང་ཆེན་པོ་དེ་འདྲ་ཞིག་དུས་མཉམ་དུ་བྱ་ཐུབ་རྒྱུ་ཡིན་མིན་དང་། ཕྱི་ཟླ་༡༡་པ་བར་དུ་དམག་སྦྱོང་དེ་འདྲ་ཞིག་གྲ་སྒྲིག་བྱ་ཐུབ་རྒྱུ་ཡིན་མིན་ལ་གྲོས་བསྡུར་བྱེད་ཀྱི་ཡོད་པས་རྒྱ་ནག་གིས་སྔོན་ནས་ཨ་རིའི་དམག་སྦྱོང་དེར་དོགས་ཟོན་བྱས་ནས་ཧྥི་ལི་ཕིན་གྱི་སྲིད་འཛིན་ལ་ཞིས་ཅིན་ཕིང་གི་བདེ་འཇགས་དོན་དུ་རྒྱ་ནག་གིས་བློ་འཚབ་བྱེད་ཀྱི་ཡོད་ཅེས་གསལ་སྟོན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG