ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

བྱང་ཀོ་རི་ཡས་ཡེ་ཤུ་བླ་ཆེན་མགྲོན་འབོད།


༄༅།། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་བྱང་ཀོ་རི་ཡར་ཕེབས་དགོས་པའི་མགྲོན་འབོད་བྱས་འདུག་ཅེས་གཟའ་མིག་དམར་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་འདུག

བྱང་ཀོ་རི་ཡ་དང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་ལ་གཞུང་འབྲེལ་དང་ཕྱི་འབྲེལ་ཚུགས་མེད་པས་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པའི་སྐབས་སུ་གསར་འགོད་པ་ཚོར་ཕྱི་ཟླ་༡༠་པར་སྲིད་འཛིན་མུན་ཅེ་དབྱིན་གདན་ས་ཝྭེ་ཊི་ཁན་དུ་ཕེབས་ནས་བླ་ཆེན་མཆོག་ལ་ཀོ་རི་ཡའི་ཕྱེད་གླིང་དུ་ཞི་བདེ་བརྟན་ལྷིང་ཡོང་བའི་ཐུགས་སྨོན་དང་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་འཆར་ཡོད། ད་ཐེངས་ཀྱི་མཇལ་འཕྲད་སྐབས་སུ་སྲིད་འཛིན་མུན་ཅེ་དབྱིན་དང་བླ་ཆེན་མཆོག་གིས་དམིགས་བསལ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་བླ་ཆེན་མཆོག་བྱང་ཀོ་རི་ཡའི་རྒྱལ་སར་ཕེབས་དགོས་པའི་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་པ་སྙན་སེང་ཞུ་འཆར་ཡོད་ཅེས་བརྗོད་འདུག

གདན་ས་ཝྭེ་ཊི་ཁན་གྱི་ལས་སྣེ་ཚོས་བླ་ཆེན་མཆོག་བྱང་ཀོ་རི་ཡར་ཕེབས་ཐུབ་རྒྱུ་ཡིན་མིན་སྐོར་འགྲེལ་བརྗོད་གང་ཡང་གནང་མེད་ཀྱང་མགྲོན་བརྡ་འབྱོར་པའི་གནས་ཚུལ་ཐོན་མཚམས་སུ་གདན་ས་ཝྭེ་ཊི་ཁན་གྱི་གསར་འགོད་ལྷན་ཁང་གིས་ཕྱི་ཟླ་༡༠་པར་བླ་ཆེན་མཆོག་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་མཇལ་འཕྲད་གནང་འཆར་ཡོད་ཅེས་ངེས་གཏམ་བྱས་ཡོད་ཅིང་། བླ་ཆེན་མཆོག་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མཇལ་འཕྲད་མ་གནང་བའི་སྔ་ཉིན་དེར་གདན་ས་ཝྭེ་ཊི་ཁན་གྱི་མཁན་ཆེན་ཞིག་གི་གཙོ་སྐྱོང་འོག་ཏུ་ཀོ་རི་ཡའི་ཕྱེད་གླིང་ལ་ཞི་བདེ་བརྟན་ལྷིང་འབྱུང་བའི་སྨོན་ལམ་འཚོགས་རྒྱུ་ཡིན་པས་སྐབས་དེར་ལྷོ་ཀོ་རི་ཡའི་སྲིད་འཛིན་སྨོན་ལམ་ལ་མཉམ་ཞུགས་གནང་འཆར་ཡོད་ཅེས་གསུངས་ཡོད་པ་རེད།

ད་ལོ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་སྔོན་ཆད་རྒྱལ་ཁབ་དེའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ཕྱི་འབྲེལ་རྒྱ་སྐྱེད་གཏོང་ཐུབ་ཡོད་པ་སྟེ། འདི་ལོའི་ཕྱི་ཟླ་༦་པར་ཨ་མི་རི་ཀའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་དུ་མཇལ་འཕྲད་བྱུང་ཞིང་། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་ཐེངས་གསུམ་ཐུག་པ། ད་དུང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཐེངས་གཉིས་ཐུག་པ་དང་རིང་མིན་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུ་ཡིན་པར་མ་ཟད། ཨུ་རུ་སུ་དང་ཉི་ཧོང་གི་འགོ་ཁྲིད་ཚོས་ཀྱང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ལོགས་སུ་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG