ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་ཞིག་ཀྲུང་གོའི་སྐད་སྙན་འགྲན་སྡུར་ཁྲོད་དུ་གཟེངས་སུ་ཐོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ད་ལོའི་རྒྱ་ནག་གི་སྐད་སྙན་ཞེས་པའི་རྟིང་རྩོད་འགྲན་སྡུར་ཁྲོད་དུ་སླར་ཡང་བོད་པ་ཞིག་ལ་ཨང་དང་པོའི་གཟེངས་རྟགས་ཐོབ། དེ་ཡང་གཟའ་ཉི་མའི་ཉིན་པེ་ཅིང་དུ་འཚོགས་པའི་ཀྲུང་གོའི་སྐད་སྙན་ནམ། གླུ་སྐད་སྙན་མོའི་འགྲན་སྡུར་སྟེང་དུ་བོད་ཀྱི་གླུ་བ་བསྟན་འཛིན་ཉི་མ་རང་གི་ཁ་གཏད་པ་ཡོངས་ལས་རྣམ་པར་རྒྱལ་ཏེ་ལོ་འདིའི་སྐད་སྙན་འགྲན་སྡུར་ཁྲོད་དུ་ཨང་དང་པོའི་གཟེངས་རྟགས་ཐོབ་ཅིང་། ཀྲེ་ཅང་བརྙན་འཕྲིན་ཁང་གིས་གོ་སྒྲིག་བྱས་པའི་སྐད་ངག་སྙན་མོའི་འགྲན་སྡུར་ཁྲོད་དུ་བོད་པ་ཞིག་ལ་ཨང་དང་པོའི་གཟེངས་རྟགས་ཐོབ་པ་ཐེངས་གཉིས་པར་གྱུར།

ད་ལོའི་གཟེངས་རྟགས་ཐོབ་མཁན་བསྟན་འཛིན་ཉི་མ་ནི་བོད་མདོ་སྨད་རེབ་གོང་ཕྱོགས་ཀྱི་མདོ་བ་སྡེ་བར་སྐྱེས་ཤིང་། ད་ལྟ་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མཚོ་སྔོན་མི་རིགས་སློབ་ཆེན་དགེ་རྒན་ཞིག་ཡིན།

ད་ལོའི་རྟིང་རྩོད་འགྲན་སྡུར་ཁོངས་སུ་བོད་མདོ་སྨད་ཆབ་ཆ་ས་ཁུལ་གྱི་འབྲུག་བྱམས་ཚེ་རིང་ཡང་ཚུད། ཁོང་གིས་སྟོད་མངའ་རིས་ཀྱི་པི་ཝང་དཀྲོལ་རྡུང་དང་མཉམ་ལེན་བྱས་ཏེ་མི་ཚོགས་ཀྱི་ཆེ་བསྟོད་ཐོབ།

རྟིང་རྩོད་འགྲན་སྡུར་སྟེང་དུ་རོལ་དབྱངས་ཆེད་ལས་དཔྱད་འདེམས་པ་བརྒྱ་ཐམ་པས་འོས་ཤོག་འཕངས་ཏེ་དཔྱད་འདེམས་བྱས་སྐབས་བསྟན་འཛིན་ཉི་མར་དཔྱད་འདེམས་པ་༧༧་གྱི་ངོས་ལེན་ཐོབ། དེ་ནས་ལྟད་མོ་བའི་འོས་ཤོག་རྩིས་ལེན་བྱས་པ་བཅས་ལ་བརྟེན་ནས་མཐའ་མར་སྐར་གྲངས་༡༣༧་ལོན་ཏེ་༢༠༡༨་ལོའི་རྒྱ་ནག་གི་སྐད་ངག་ཡག་མོའི་ཨང་དང་པོའི་གཟེགས་རྟགས་མ་ཐོབ།

དྲ་ལམ་དུ་བོད་པ་མང་པོ་ཞིག་གིས་ལོའི་འདིའི་འགྲན་སྡུར་ཁྲོད་དུ་སླར་ཡང་བོད་པ་ཞིག་རྣམ་པར་རྒྱལ་བར་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུ་བཞིན་ཡོད་པར་མ་ཟད། རྒྱ་རིགས་ཁ་ཤས་ཀྱིས་འགྲན་སྡུར་འདི་ལ་ཀྲུང་གོའི་སྐད་སྙན་ཟེར་པ་ལས་བོད་པའི་སྐད་སྙན་ཞེས་མིང་བརྗེས་ན་འོས་འཚམས་ཆེ་ཞེས་བསམ་ཚུལ་སྣ་ཚོགས་ཤིག་འབྲི་མཁན་བྱུང་འདུག

ན་ནིང་གི་ཀྲུང་གོའི་སྐད་སྙན་འགྲན་སྡུར་ཁྲོད་དུ་གཞིས་ཀ་རྩེའི་བཀྲ་ཤིས་ཕུན་ཚོགས་ལ་ཨང་དང་པོའི་གཟེངས་རྟགས་ཐོབ། ཁོང་གིས་བླངས་པའི་གླུ་གཞས་ཨ་མའི་ཕྱག་ཟུང་ཟེར་པ་ནི་དེང་སྐབས་བོད་པའི་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཏོ།།

XS
SM
MD
LG