ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཕྱི་རྒྱལ་གྱི་གསར་འགོད་པར་ཐོངས་མཆན་བཀག་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཧོང་ཀོང་དུ་བཅའ་སྡོད་ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་ཀྱི་འགན་འཛིན་གཞོན་པ་དང་དབྱིན་ཡུལ་དངུལ་རྩའི་དུས་བབ་ཚགས་པར་གྱི་གསར་འགོད་པ་ཝྭིཀ་ཊོར་མ་ལེ་ཊི་ལ་ཧོང་ཀོང་དམིགས་བསལ་འཛིན་སྐྱོང་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཧོང་ཀོང་ས་གནས་སུ་ཨེ་ཤེ་ཡའི་གསར་འགྱུར་རྩོམ་སྒྲིག་གི་ལས་དོན་མུ་མཐུད་དུ་གཉེར་མི་ཆོག་ཅེས་ཐོང་མཆན་སྤྲད་མེད་ཅིང། འདི་ནི་ཧོང་ཀོང་དམིགས་བསལ་འཛིན་སྐྱོང་གཞུང་གིས་དབྱིན་ཡུལ་གྱི་དངུལ་རྩའི་དུས་བབ་ཚགས་པར་གྱི་གསར་འགོད་པ་ཞིག་ལ་ཐོངས་མཆན་མ་སྤྲད་པ་ཐེངས་དང་པོ་རེད་ཅེས་དངུལ་རྩའི་དུས་བབ་ཀྱིས་གནས་ཚུལ་སྤེལ་འདུག

དབྱིན་ཡུལ་གྱི་གསར་འགོད་པ་ཝྭིཀ་ཊོར་མ་ལེ་ཊི་ནི་ཉམས་མྱོང་ཆེན་པོ་ཡོད་པའི་གསར་འགོད་པ་དང་རྩོམ་པ་པོ་ཞིག་ཡིན་ཞིང་ཁོ་པས་སྔོན་ཆད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་དངུལ་རྩའི་དུས་བབ་ལས་ཁང་གི་འགན་འཛིན་གྱི་ལས་ཁུར་བཞེས། སྤྱི་ལོ་༢༠༡༦་ལོའི་ཟླ་བ་༡༠་པ་ནས་བཟུང་སྟེ་ཧོང་ཀོང་དུ་གནས་སྤོར་བྱས་ནས་ལོ་ངོ་གཉིས་ཀྱི་རིང་དུ་ཨེ་ཤེ་ཡའི་གསར་འགྱུར་རྩོམ་སྒྲིག་གི་ལས་འགན་བསྒྲུབས། ཉེ་ཆར་སྤྱི་ཟླ་༩་པའི་ནང་དུ་ཧོང་ཀོང་གནས་སུ་མུ་མཐུད་དུ་ཆེད་ལས་གཉེར་ཆོག་པའི་ཐོངས་མཆན་ཞུས་པས་ཧོང་ཀོང་གི་འབྲེལ་ཡོད་ཚན་པ་ཁག་གིས་འགྲེལ་བཤད་ཅི་ཡང་མེད་པར་ཐོངས་མཆན་ཕར་འགྱངས་བྱས་མེད་པ་རེད།

ད་ལོའི་སྤྱི་ཟླ་༨་པའི་ནང་དུ་གསར་འགོད་པ་འདིས་འགོ་ཁྲིད་པའི་ཧོང་ཀོང་གི་ཕྱི་རྒྱལ་བའི་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་དང་ཧོང་ཀོང་དམིགས་བསལ་འཛིན་སྐྱོང་ས་ཁུལ་གཞུང་གིས་གནོན་ཤུགས་ཅི་ཙམ་སྤྲད་མིན་ལ་མ་ལྟོས་པར་ཧོང་ཀོང་རྒྱལ་ཡོངས་ཚོགས་པ་ཞེས་པའི་ཆབ་སྲིད་ཚོགས་པ་གསར་འཛུགས་དང་ཧོང་ཀོང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཁྲིན་ཧོ་ཐིན་སྤྱི་ཟླ་༩་པའི་ཚེས་༡༤་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་ཏུ་གཏམ་བཤད་པར་གདན་དྲངས། ཁོ་པས་གཏམ་བཤད་སྤེལ་བའི་སྐབས་སུ་ཚོགས་ཁང་གི་ཕྱི་རོལ་ཏུ་རྒྱབ་སྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་ཕྱོགས་གཉིས་ཀྱི་མི་སྣ་འཛོམས་ནས་སྐད་འབོད་བྱུང་། སྐབས་དེར་ཁོ་ཚོར་ངོ་རྒོལ་བྱེད་མཁན་གྱི་མི་ཞིག་གིས་གསར་འགྱུར་བརྒྱུད་ལམ་ནང་དུ་འདི་ལྟར་བརྗོད་འདུག་པ་སྟེ། ཧོང་ཀོང་དུ་ཡོད་པའི་ཕྱིའི་རྒྱལ་ཁབ་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་སྨྲ་བརྗོད་རང་དབང་གི་བརྒྱུད་ལམ་བེད་སྤྱོད་བཏང་ནས་ཁྲིན་ཧོ་ཐན་ལ་དེ་རིང་ཕྱི་དྲོར་གསར་འགོད་ལྷན་ཚོགས་སྐོང་དུ་བཅུག་སྟེ་ཧོང་ཀོང་རང་བཙན་གྱི་ལྟ་བ་ཁྱབ་བསྒྲགས་བྱེད་དུ་བཅུག་སོང་། ང་ཚོ་རྒྱལ་ཁབ་ལ་དགའ་ཞེན་ཡོད་པའི་ཧོང་ཀོང་གི་སྤུན་ཟླ་རྣམས་དང་རྒྱ་ནག་སྐམ་ས་ཆེན་མོའི་སྤུན་ཟླ་མང་ཆེ་ཤོས་ཀྱིས་དེ་ལ་ངོ་རྒོལ་བྱེད་ཀྱིན་ཡིན་ཅེས་བཤད། སྐབས་དེར་གསར་འགོད་པའི་མཐུན་ཚོགས་ཀྱི་ངོས་ནས་ཀྱང་ལན་འདེབས་ཀྱི་ཚུལ་དུ་ང་ཚོའི་ཚོགས་འདུ་འདིར་ཕྱོགས་འདྲ་མིན་སྣ་ཚོགས་ཀྱི་མི་སྣ་གདན་དྲངས་ནས་གཏམ་བཤད་སྤེལ་རྒྱུ་ནི་ལོ་བཅུ་ཕྲག་ཁ་ཤས་རིང་གི་སྲོལ་རྒྱུན་ལྟ་བུ་ཞིག་ཡིན་མོད། ཡིན་ནའང་ད་ལོ་ཚོགས་ཁང་གི་ཕྱི་ལོགས་ཀྱི་གནས་སྟངས་ནི་མ་འདྲ་བ་ཞིག་རེད། ང་ཚོས་ཅི་ཡང་བཅོས་སྒྱུར་བཏང་མེད། ཡོད་ཚད་སྔོན་ཆད་དང་གཅིག་པ་གཅིག་རྐྱང་བྱས་ནས་བཀོད་སྒྲིག་བྱས་ཡོད། ལོ་མང་པོའི་སྔོན་དུ་འདིར་མི་མང་པོ་ཞིག་ལ་གཏམ་བཤད་བྱ་རྒྱུའི་གོ་སྐབས་ཡོད་ཀྱང་དེང་སྐབས་མི་འདྲ་ས་ཞིག་ཡོད་པ་ནི་འདི་ལ་ངོ་རྒོལ་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག་ཅེས་བཤད། ཉེ་ཆར་ཁོ་ཚོས་གཏམ་བཤད་བཀོད་སྒྲིག་བྱས་པའི་ཧོང་ཀོང་གི་རང་བཙན་འཐབ་རྩོད་པ་ཁྲིན་ཧོ་ཐན་གྱིས་བཙུགས་པའི་ཧོང་ཀོང་མི་རིགས་ཚོགས་པ་ཞེས་པའང་སྒོ་རྒྱག་ཏུ་བཅུག་པ་སོགས་ཐེངས་འདིར་ཧོང་ཀོང་འཛིན་སྐྱོང་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པར་ཐོངས་མཆན་མ་སྤྲད་པའི་རྒྱུ་མཚན་ཡང་འདི་འདྲ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཧོང་ཀོང་དུ་བཅའ་སྡོད་ཉམས་ཞིབ་ཕེ་ཊི་རོལ་ཁི་ཕོན་གྱིས་ཧོང་ཀོང་ས་གནས་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་ལ་ཐོངས་མཆན་མ་སྤྲད་པ་ཐོག་མ་དེ་རེད། གལ་སྲིད་ཝྭིཀ་ཊོར་མ་ལེ་ཊིས་ཧོང་ཀོང་གི་འདུ་འཛོམས་ཞིག་བཀོད་སྒྲིག་བྱས་པའི་རྒྱུ་རྐྱེན་ལ་བརྟེན་ནས་ཐོངས་མཆན་སྤྲོད་ཀྱི་མེད་ན་ང་ཚོས་ཧོང་ཀོང་གི་སྨྲ་བརྗོད་རང་དབང་གང་དུ་ཡོད་ཅེས་དོགས་འདྲི་བྱ་དགོས་ངེས་སུ་གྱུར། གནད་དོན་འདི་ནི་བློ་འཚབ་བྱ་སའི་གནད་དོན་ཆེན་པོ་ཞིག་རེད་ཅེས་བརྗོད་འདུག

XS
SM
MD
LG