ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

འབྲས་ལྗོངས་ཀྱི་དཔའ་སྐྱོང་གནམ་ཐང་སྒོ་འབྱེད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། འདས་པའི་ཉིན་ཤས་རིང་དེར་རྒྱ་ནག་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁོར་གྱི་གོང་དཀར་གནམ་ཐང་མི་དམངས་བཅིངས་འགྲོལ་དམག་གི་གནམ་ཐང་ཞིག་ལ་བསྒྱུར་ཏེ་གནམ་ཐང་གི་མཐའ་འཁོར་དུ་འགོག་ར་བརྒྱབ་ནས་མེ་ཤུགས་འཕུར་མདེལ་འགྲེམ་འཇོག་བྱས་ཡོད་པའི་གནས་ཚུལ་ཐོན། ཡང་ཉིན་འགའི་སྔོན་དེར་རྒྱ་གར་གྱི་སྲིད་བློན་ན་རན་དྷ་ར་མོ་དྷི་འབྲས་ལྗོངས་སུ་ཕེབས་ནས་འབྲས་ལྗོངས་ཀྱི་དཔའ་སྐྱོང་གནམ་ཐང་གསར་པ་སྒོ་འབྱེད་ཀྱི་མཛད་སྒོར་ཞུགས། རྒྱ་དཀར་ནག་གཉིས་ཀས་བོད་ཀྱི་མཐོ་སྒང་ས་ཁུལ་དང་འབྲས་ལྗོངས་ཀྱི་ས་མཐོའི་སྒང་དུ་གནམ་ཐང་འཛུགས་སྐྲུན་བྱས་ནས་དམག་དོན་འཐབ་ཇུས་ལ་མཁོ་བའི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱ་རྒྱུ་རྒྱ་ཆེ་རུ་བཏང་འདུག

རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་འབྲས་ལྗོངས་ཀྱི་མཐོ་སྒང་ཞིག་གི་རི་རྩེ་ནས་མཱི་ཊར་གྲུ་བཞི་མ་འབུམ་གཉིས་དམའ་རུ་བཏང་སྟེ་གནམ་ཐང་འཛུགས་སྐྲུན་ཐུབ་པ་ནི་རྒྱ་གར་གྱི་བཟོ་བཀོད་པ་ཚོར་ལག་རྩལ་ཁྱད་དུ་འཕགས་པ་ཞིག་ཡོད་པའི་དྲིན་གྱིས་ཡིན་ཞེས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་ཀྱང་གནམ་ཐང་དེའི་བཀོལ་སྤྱོད་དང་མཐར་ཐུག་གི་དམིགས་ཡུལ་ཅི་ཡིན་འགྲེལ་བཤད་རྒྱག་གི་མེད་ཅིང་། ཉམས་ཞིབ་པ་ཚོས་འབྲས་ལྗོངས་ཀྱི་གནམ་ཐང་གསར་པ་དེ་ཉིད་འགྲིམ་འགྲུལ་ཁོ་ནའི་ཆེད་དུ་མིན་པར་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་བརྒྱབ་ན་རྒྱ་གར་གྱི་དམག་གིས་དཔའ་སྐྱོང་གནམ་ཐང་དམག་དོན་ལ་བཀོལ་སྤྱོད་ཆོག་པ་ཞིག་ཏུ་བསྒྱུར་འདུག སྲིད་བློན་ན་རན་དྷ་ར་མོ་དྷིས་དཔའ་སྐྱོང་གནམ་ཐང་སྒོ་འབྱེད་ཀྱི་གཏམ་བཤད་ནང་དུ་རྒྱ་ནག་གི་དམག་ལ་ཁ་གཏད་གཅོག་པའི་ཆེད་དུ་ཡིན་ཞེས་དངོས་སུ་གསལ་བོར་བཤད་མེད་ཀྱང་འབྲས་ལྗོངས་ལ་རྒྱ་ལམ་དང་གནམ་ཐང་སོགས་ཀྱི་འགྲིམ་འགྲུལ་མཐུད་རྒྱུ་གནད་འགག་ཆེན་པོ་ཡིན། རྒྱ་གར་གྱི་འགྲིམ་འགྲུལ་གཅིག་གྱུར་བྱ་རྒྱུ་གཙིགས་སུ་འཛིན་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།

རྒྱ་གར་གཞུང་གིས་དཔའ་སྐྱོང་གནམ་ཐང་གི་འཛུགས་སྐྲུན་ལ་ཨ་སྒོར་བྱེ་བ་༧་མ་ཟིན་ཙམ་ཞིག་གི་འགྲོ་གྲོན་བཏང་བའི་དགོས་པ་གཙོ་བོ་ནི་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་གཏོང་ཐབས་དང་འགྲིམ་འགྲུལ་སྟབས་བདེ། འབྲས་ལྗོངས་ཀྱི་དཔལ་འབྱོར་དང་ཚོང་ལས་ཡར་རྒྱས། ད་དུང་རྒྱ་ནག་ལའང་བརྡ་ལན་གསལ་བོ་ཞིག་གཏོང་རྒྱུའི་ཆེད་དུ་ཡིན་ཞེས་འགྲེལ་བཤད་བརྒྱབ་མོད། འོན་ཀྱང་དམག་དོན་ཉམས་ཞིབ་པ་ཚོས་སྲིད་བློན་མོ་དྷིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་རྒྱ་གར་གྱི་དམག་གི་ཚེ་སྲོག་རྩེད་མོ་རྩེ་ཡི་འདུག རྒྱ་ནག་ལ་དགོས་མེད་ཀྱི་འཁྲུག་རྩོད་བསླངས་ན་རྒྱ་གར་གྱི་དམག་གིས་ཚེ་སྲོག་འགྲོ་གྲོན་གཏོང་དགོས་རྒྱུ་རེད་ཅེས་སྐྱོན་བརྗོད་བྱས་འདུག

འབྲས་ལྗོངས་ལ་གནམ་ཐང་གསར་པ་འཛུགས་སྐྲུན་བྱ་དགོས་པའི་གནད་འགག་གཙོ་བོ་གཞན་ཞིག་ནི་ས་གནས་དེར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱས་མེད་པར་རི་ལུང་གིས་འགགས། བལ་ཡུལ་དང་འབྲུག་ཡུལ། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་བོད་དང་འབྲས་ལྗོངས་རྣམས་ས་འདྲེས་ཡིན་པས་རྒྱ་གར་ལ་དམག་དོན་འཐབ་ཇུས་དོན་དུ་འབྲས་ལྗོངས་ཀྱི་ས་གནས་ཁག་ཏུ་གནམ་ཐང་འཛུགས་སྐྲུན་བྱ་རྒྱུ་དགོས་ངེས་ཤིག་ཏུ་གྱུར། འབྲས་ལྗོངས་ཀྱི་གནམ་ཐང་གསར་པ་དེ་བརྒྱུད་ནས་ལོ་ལྟར་འགྲུལ་པ་འབུམ་༥་ཙམ་འགྲུལ་སྐྱོད་བྱེད་ཐུབ་ཀྱི་ཡོད་པར་མ་ཟད། ཟླ་བ་འདི་ནས་རྒྱ་གར་རྒྱལ་ནང་གི་འགྲུལ་པ་རྣམས་དཔའ་སྐྱོང་གནམ་ཐང་བརྒྱུད་ནས་འགྲིམ་འགུལ་བྱེད་ཐུབ་ཀྱི་ཡོད་པ་དང་། ༢༠༡༩་ནས་རྒྱལ་སྤྱིའི་འགྲུལ་པ་རྣམས་ཀྱང་དཔའ་སྐྱོང་གནམ་ཐང་བརྒྱུད་ནས་འགྲིམ་འགྲུལ་འགོ་ཚུགས་འཆར་ཡོད་པ་རེད།།

XS
SM
MD
LG