ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་དམག་སྦྱོང་གི་གྲ་སྒྲིག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།ཉེ་དུས་ཤིག་ནས་རྒྱ་ནག་དང་ཨ་མི་རི་ཀ་ཚོང་ལས་དང་ཐེ་ཝན། ལྷོ་རྒྱ་ནག་རྒྱ་མཚོ་བཅས་ཀྱི་གནད་དོན་ཐོག་ཏུ་རྩོད་པ་ཡོང་རྒྱུ་ཤུགས་ཆེ་རུ་སོང་། ལྷག་པར་དུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གི་དམག་གྲུ་ཞིག་གིས་ཨ་མི་རི་ཀའི་དམག་གྲུ་ཞིག་ལ་རྡུང་ག་རྒྱག་གྲབས་ནས་བཟུང་། ཨ་མི་རི་ཀའི་དམག་གིས་རྒྱ་ནག་ལ་བརྡ་ལན་ནན་པོ་ཞིག་སློག་དགོས་པའི་གྲོས་བསྡུར་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་ཨ་མི་རི་ཀའི་ཤར་ཕྱོགས་མཚོ་དམག་གི་དཔུང་སྡེས་དུས་ཡུན་བདུན་ཕྲག་གཅིག་ལ་ལྷོ་རྒྱ་ནག་རྒྱ་མཚོ་དང་ཐེ་ཝན་མཚོ་འགག་ཏུ་དམག་སྦྱོང་ཆེན་པོ་ཞིག་བྱ་རྒྱུ། ཕྱི་ཟླ་༡༡་པའི་དམག་སྦྱོང་དེར་ཨ་མི་རི་ཀའི་མཚོ་དམག་དང་འཐབ་འཛིང་གནམ་གྲུ། ཨ་མི་རི་ཀའི་སྐམ་དམག་རྣམས་མཉམ་ཞུགས་ཀྱིས་ཨ་རིའི་སྐམ་མཚོ་གནམ་གསུམ་གྱི་དམག་གི་དཔུང་སྡེའི་སྟོབས་ཤུགས་ངོམ་ནས་རྒྱ་ནག་དང་ཨུ་རུ་སུ་གཙོས་བཙན་དྲག་བསྐུལ་རྒྱུ་ཇེ་མང་དུ་འགྲོ་བའི་རྒྱལ་ཁབ་ཁག་ལ་གོ་བརྡ་གསལ་བོ་ཞིག་གཏོང་དགོས་པའི་འཆར་འགོད་བྱེད་ཀྱི་ཡོད་པ་རེད།

ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་ཨ་རིའི་ཤར་ཕྱོགས་མཚོ་དམག་གིས་དམག་སྦྱོང་ཆེན་པོ་ཞིག་དགོས་ཟེར་པ་བསམ་འཆར་ཙམ་རེད་ཅེས་བཤད་ཀྱང་ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་གཞན་ཚོས་དམག་སྦྱོང་གི་གྲོས་གཞི་དེ་ཉིད་ལག་ལེན་བསྟར་ཕྱོགས་སུ་མིང་ཞིག་ཀྱང་བཏགས་ཟིན། དམག་སྦྱོང་གི་འཆར་གཞི་དེ་འབྲེལ་ཡོད་དམག་གི་ཚན་པ་ཁག་ལ་བཀྲམ་ནས་ཞིབ་ཕྲའི་གནས་ཚུལ་ཁག་ལ་གྲོས་བསྡུར་བྱེད་དུ་འཇུག་གི་ཡོད་འདུག གལ་སྲིད་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་གྲོས་གཞིར་བཏོན་པའི་དམག་སྦྱོང་གི་འཆར་གཞི་དེར་དམག་གི་ཚན་པ་ཁག་གིས་ལེན་བསྟར་ཐུབ་ཀྱི་ཡོད་པའི་ལན་འདེབས་བྱེད་ཚེ། ཨ་མི་རི་ཀའི་དམག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་དང་། རྒྱ་ནག་གིས་མ་རྩ་བཙུགས་ནས་ཚོང་ལས་གཉེན་གྱི་ཡོད་པའི་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གི་མཐའ་མཚམས། བྱང་མཚོའི་ཉེ་འཁྲིས་ཀྱི་ཨུ་རུ་སུའི་མཐའ་མཚམས་བཅས་འཛམ་གླིང་ཡོངས་ལ་ཨ་མི་རི་ཀའི་སྐམ་མཚོ་གནམ་གསུམ་གྱི་དམག་གི་སྟོབས་ཤུགས་ཁྱབ་ཐུབ་པའི་དམག་སྦྱོང་ཞིག་ལ་འགྱུར་རྒྱུ། དེང་སྐབས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་དམག་གི་སྟོབས་ཤུགས་ངོམ་ནས་བཙན་དྲག་སྐུལ་གྱི་ཡོད་པར་ཨ་མི་རི་ཀས་བརྡ་ལན་ནན་པོ་སློག་དགོས་ཞེས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་དམག་གི་ཚན་པ་ཁག་ལ་བཀོད་འདོམས་བྱས་འདུག

ཉམས་ཞིབ་པ་ཁག་ཅིག་གིས་ཨ་མི་རི་ཀའི་སྐམ་མཚོ་གནམ་གསུམ་གྱི་དམག་གི་དཔུང་སྡེ་ཁག་གིས་དུས་ཡུན་བདུན་ཕྲག་གཅིག་ལ་དམག་སྦྱོང་བྱ་འཆར་ཡོད་པ་དེར་བསམ་ཞིབ་དང་གྲོས་བསྡུར། རྒྱ་ནག་སོགས་ཨེ་ཤི་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀའི་དམག་སྦྱོང་དེར་རྣམ་འགྱུར་གང་འདྲ་ཞིག་སྟོན་རྒྱུ་ཡིན་མིན། ཨ་མི་རི་ཀའི་དམག་གིས་དམག་སྦྱོང་དེ་འདྲ་ཞིག་ལ་གྲ་སྒྲིག་བྱ་ཐུབ་རྒྱུ་ཡིན་མིན་བཅས་ལ་བསམ་ཞིབ་བྱ་དགོས་ཞེས་བཤད། བདུན་ཕྲག་སྔོན་མར་ཨ་མི་རི་ཀ་དང་ཉི་ཧོང་གཉིས་ཀྱིས་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་མཉམ་འབྲེལ་དམག་སྦྱོང་བྱས་པར་མ་ཟད། དེའི་རྗེས་སུ་ཨ་མི་རི་ཀ་དང་ཉི་ཧོང་གི་གནམ་དམག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་སུ་སྐོར་གཡེང་བྱས་ནས་མཉམ་འབྲེལ་དམག་སྦྱོང་བྱས་པས་རྒྱ་ནག་གིས་ཨ་མི་རི་ཀ་དང་ཉི་ཧོང་གི་མཉམ་འབྲེལ་དམག་སྦྱོང་དེ་འཁྲུག་རྩོད་སློང་སྤྱད་ཅིག་རེད་ཅེས་ངོ་རྒོལ་བྱས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གི་མཚོ་དམག་གིས་དམག་སྦྱོང་བྱས་ནས་ལན་པ་སློག དེང་སྐབས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་བྱེད་ཀྱི་ཡོད་པའི་ཨ་མི་རི་ཀའི་དམག་གྲུ་ཁག་གི་འཁྲིས་སུ་རྒྱ་ནག་གི་དམག་གྲུ་རྣམས་བཅར་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

འདི་ཙམ་ན་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་གཞོན་པ་མེཀ་ཕན་སི་ཡིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གི་དམག་གྲུ་ཞིག་ཨ་མི་རི་ཀའི་དམག་གྲུ་ཞིག་གི་ཉེ་འཁྲིས་སུ་བཅར་པ་ནི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྟོབས་ཤུགས་གཅོག་པའི་ཆེད་དུ་ཡིན་ཞིང་། ང་ཚོས་སྐད་ཆ་གསལ་བོར་བཤད་ན་སྲིད་འཛིན་ཌོ་ནལ་ཊམ་གྱི་འགོ་ཁྲིད་ལ་ནུས་པ་ཐོན་ཡོད། པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་ལ་ཁ་གཏད་གཅོག་མི་ཕོད་པའི་ཨ་རིའི་སྲིད་འཛིན་ཞིག་བྱུང་ན་བསམས་ཡོད་ཀྱང་འདོད་དོན་དེ་མ་གྲུབ་པ་རེད་ཅེས་གཏམ་བཤད་བྱས་ཡོད་པར་བརྟེན། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་བཟང་པོ་མེད་པར་སླར་ཡང་འགལ་རྐྱེན་གསར་པ་ཞིག་འབྱུང་སྲིད། ཐོག་མའི་ཟླ་ཤས་རིང་ལ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་བསྔགས་བརྗོད་བྱས་ནས་ཞིས་ཅིན་ཕིང་ངའི་གྲོགས་པོ་ཡིན་ཞེས་གཏམ་བཤད་ལན་མང་བྱས་མོད། འོན་ཀྱང་ལོ་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཞོར་དུ་ཌོ་ནལ་ཊམ་གྱིས་གཅིག་བྱས་ན་ཞིས་ཅིན་ཕིང་ངའི་གྲོགས་པོ་ཡིན་རྒྱུ་མ་རེད། རྒྱ་ནག་གིས་ཨ་མི་རི་ཀའི་ཕྱི་ཟླ་༡༡་པའི་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་ཐེ་གཏོགས་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱས་ཏེ་༢༠༡༦་ལོར་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་པར་མཚུངས་དཔེ་བཀོད། ཁོང་གིས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་བཟང་པོ་མེད་པ་སྔར་ལས་ཇེ་སྡུག་ཏུ་བཏང་འདུག གཟའ་འཁོར་འདིར་ཨ་རིའི་རྒྱལ་སྲུང་དྲུང་ཆེ་རྒྱ་ནག་ལ་འཚམས་འདྲིར་ཕེབས་འཆར་ཡོད་པ་ཕྱིར་འཐེན་དང་ཨ་རིའི་དམག་གྲུ་ཞིག་གི་ཧོང་ཀོང་གི་གྲུ་ཁར་འབབ་རྒྱུ་དེར་བཀག་འགོག ལོ་འདིའི་རྒྱ་ནག་དང་ཨ་མི་རི་ཀའི་བདེ་འཇགས་དང་ཕྱི་འབྲེལ་གྲོས་མོལ་ཕར་འགྱངས། རྒྱ་ནག་གིས་འཛམ་གླིང་ཡུལ་གྲུ་ཁག་ལ་དངུལ་སྒོར་བུ་ལོན་བཏང་ནས་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་ཡོད་པ་འགོག་ཐབས་སུ་ཨ་རིའི་གྲོས་ཚོགས་ཀྱིས་ཀྱང་དངུལ་སྒོར་བུ་ལོན་གཏོང་ཕྱོགས་ཀྱི་ཁྲིམས་ལ་སྒྱུར་བཅོས་བཏང་སྟེ། ཨ་མི་རི་ཀའི་གཞུང་གིས་རྒྱལ་ཁབ་གཞན་ལ་དངུལ་སྒོར་བུ་ལོན་གཏོང་རྒྱུ་སྟབས་བདེ་རུ་བཏང་ཡོད་པ་རེད།།

XS
SM
MD
LG